མདང་དགོང་ཡེ་ཤུ་བ་ཚོའི་དུས་ཆེན་ལས“གེགས་མེད་མཚན་མོ”བྱ་བ་ཡིན་ཞིང་དུས་འདིར་ཕན་ཚུན་ལ་ཀུ་ཤུ་སྟེར་བའི་སྲོལ་འདུག སློབ་གྲྭ་འདིའི་ནང་གི་བོད་དང་དབྱི་སི་ལམ་གྱི་སློབ་མ་ཕུད་པས་གཞན་མི་རོལ་མཁན་ཞིག་ཧ་ལམ་མེད་མོད་རོལ་མཁན་གྱི་ནང་དུ་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་གཅིག་གཉིས་ཙམ་ལས་མེད་ཚོད་འདུག རྣམ་པ་གཅིག་རུང་ངོ་བོ་མི་གཅིག་པའི་དུས་ཆེན་གཏོང་སྟངས་འདིའི་རྒྱབ་ཀྱི་དོན་ནི་དཔོག་དཀའ་བ་ཞིག་མིན་ཏེ། གཅིག་ནས་རྒྱ་ལ་དད་མོས་མེད་ལ་ཡོད་ཀྱང་ངེས་གཏན་མེད་པས་དང་། གཉིས་ནས་མི་རྣམས་མ་གཞི་ནས་སྐྱིད་པོ་གཏོང་རྒྱུར་དགའ་བའི་གཉུག་གཤིས་ཀྱིས་དང་། གསུམ་ནས་གཞོན་ནུ་ཕོ་མོའི་འཇིག་རྟེན་སྣང་བ་འཚོལ་བའི་ལམ་ཞིག་ཡིན་པས་དང་། བཞི་ནས་དུས་ཆེན་གང་དེའི་ཕྱི་ནང་གསང་གསུམ་བརྙན་གཟུགས་སྒྲ་གསུམ་གྱི་ལམ་ནས་ཉིན་སྒྲོག་མཚན་སྒྲོག་བྱེད་པས་རེད།
འོན་ཏེ། འདི་ཉིད་རིག་གནས་ཀྱི་ཚོར་བ་སྐྱེན་པའི“སོ་བ”དག་གི་མིག་ལམ་དུ་གནད་དོན་ཞིག་ཏུ་གྱུར། འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡེ་ཤུ་ཆོས་ལུགས་ཀྱིས་དུས་ཆེན་ལ་རོལ་ཚེ། ཆོས་ལུགས་གཞན་པ་གཉིས་ཀྱི་དད་ལྡན་པ་ཚོས་དེ་ལ་མ་རོལ་ཟེར་གྱིན་འདུག དབྱི་སི་ལམ་གྱི་དད་ལྡན་པ་རེས་ཁོ་རཱན་གསུང(古兰经)ལས་ཁོ་པ་ཚོའི་ཆོས་དེ་ཡེ་ཤུ་ཆོས་དང་གང་གང་ནས་འགལ་བ་ཡིན་ཚུལ་དང་ལོ་རྒྱུས་ཀྱི་སྟེང་ནས་ཁོ་ཚོའི་ཆོས་གཞོམ་པར་ཡེ་ཤུ་བ་ཚོས་སྦྱོར་བ་གང་གང་བརྩམས་ཚུལ། ཐ་ན་ཡེ་ཤུ་འཁྲུངས་སྐར་འདིའང་གནའ་དཔྱོད་ཀྱི་ངོས་ནས་དུས་ཚོད་ཏན་ཏན་ཏིག་ཏིག་ཅིག་མིན་ཚུལ་སོགས་རྒྱུ་མཚན་དུ་བྱས་ནས་གཞན་འགོག་རང་སྒྲུབ་ཀྱི་བྱ་བ་ཆེན་པོ་རྩོམ་བཞིན་འདུག
ཁོ་རཱན་གསུང་དུ“ཇི་སྲིད་ཁྱོད་རང་ཁོ་ཚོའི་སྐྱབས་སུ་མ་སོང་བ་དེ་སྲིད་དུ། ཡ་ཧུ་ད་པ་དག་དང་ཡེ་ཤུ་བ་ཚོ་ཁྱོད་ལ་ནམ་ཡང་མི་དགའ”ཞེས་པའི་ཚིག་ཀྱང་འདུག་ཟེར། ཁོ་པ་ཚོའི་གཙོ་བོའི་གསུང་དུའང་འདི་འདྲ་ཡོད་ཚེ་དུས་ཆེན་འདིར་རྩོད་པ་བྱེད་པར་ལུང་གི་རྒྱབ་རི་ཤིན་ཏུ་བརྟན།
ཁོ་ཚོས་ད་དུང་དབྱི་སི་ལམ་གྱི་གཞོན་ནུ་མ་ཚོས་དུས་ཆེན་རོལ་བར་ཁ་གཡར་ཏེ་ཆང་ཁང་དང་གར་ཁང་དུ་མདོ་མེད་ཀྱི་བྱ་བ་མང་པོ་རྩོམ་བཞིན་པར་སྡུག་དམོད་གཏོང་བཞིན་འདུག སྨྱན་སྦྱོར་ལ་ལས་སྣང་ཚུལ་འདིར་ཟུར་ཟ་བྱས་ཏེ“གེགས་མེད་མཚན་མོ”ལ“མེ་ཏོག་ཤོར་བའི་མཚན་མོ”ཞེས་སུ་ཡང་བཏགས་འདུག
ཆོས་སྤེལ་མི་སྤེལ་གྱི་ཐད་ནས་དྲང་གཏམ་ཞིག་བཤད་ན་ཡེ་ཤུ་བ་ཚོའི་ཐུ་ཞིག་མི་འདུག་བསམ། ཁོ་པ་ཚོའི་ནང་དུ་སྐྱེ་བོ་རབ་འབྲིང་ཐ་མ་གང་ཡིན་ཡང་ཆོས་མི་སྤེལ་མཁན་ཞིག་ཧ་ལམ་མེད། ཟི་ལིང་དུ་ཡོད་པའི་ཕྱི་གླིང་བ་ཚོའི་ནང་དུ་ཆོས་སྤེལ་མཁན་མང་པོ་འདུག ནུས་པ་ཅན་དག་གིས་རྒྱུ་ཚེགས་གཉིས་ཀ་ཕུད་དེ་ཆོས་སྤེལ་གྱི་དམིགས་ཡུལ་ཁོ་ནར་དམིགས་པའི་འོད་སྡེར་བཟོས་འདུག དེའི་ནང་ནས་འཁྲབ་སྟོན་པ་དང་སྐད་སྦྱོར་བ་ཚང་མ་བོད་པས་བྱས་པའི་འོད་སྡེར་ཞིག་ལ་ངས་བལྟས་མྱོང་། ཁོ་ཚོར་ད་དུང་ཡུལ་སྐད་མང་པོའི་ལམ་ནས་བཟོས་པའི་འོད་སྡེར་ཡོད་ཟེར། ཁོ་ཚོས་ཆོས་སྤེལ་ཆེད་མཛེས་བཟོའི་བྱང་བུ་ཞིག་གི་སྟེང་དུ་ཡིད་སེམས་རབ་ཏུ་སྒུལ་བའི་གཏམ་རྒྱུད་རེ་སྦྱར་ནས་ཁྲོམ་འགྲེམ་བྱེད་ཀྱིན་པ་ཞིག་ཀྱང་ངས་བཀླགས་མྱོང་། འདི་ནི་ཆོས་ལུགས་གཞན་དང་བསྡུར་ཚེ་སྣང་ཚུལ་ཅུང་འབུར་ཐོན་ཞིག་རེད།
ངས་འདི་ལྟར་དྲན་དེ། འདི་ནི་རིག་གནས་ཀྱི་རང་རྟོན་མེད་པའི་རྟགས་ཤིག་ཨེ་ཡིན་ནམ་སྙམ། དད་ལྡན་པ་ཆེས་མང་བའི་ཆོས་ལུགས་ཤིག་ལ་རང་རྟོན་དེ་འདྲ་མེད་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་ཀ་ལི་ལེ་དང་ཀི་པེ་ཉི། ཏར་ཝུན་སོགས་ཀྱི་གནམ་དཔྱོད་རིག་པ་དང་སྐྱེ་དངོས་རིག་པའི་ཐད་ཀྱི་གསར་རྙེད་དང་། བློ་འབྱེད་ལས་འགུལ་སོགས་ཀྱིས་ཁོ་ཚོའི་ཆོས་ལུགས་ལ་བརྡབ་གསིག་ཆེན་པོ་བཏང་སྟེ་འཇིགས་ཉེན་དང་ཆག་སྒོ་ཆེན་པོ་བྱུང་མྱོང་བས་ལོས་ཡིན་སྙམ། གཞན་གྱིས་རྫུན་རྐུབ་ཡང་ཡང་བརྟོལ་ཚེ་རང་གི་ལྟ་བ་ལ་གདེང་མེད་འགྲོ་བ་ནི་ཆོས་ཉིད་ཅིག་ཀྱང་རེད། (འདི་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་བལྟས་ནས་བཤད་པ་ལས་ཡེ་ཤུ་ཆོས་གང་དེར་སྨྲས་པ་མིན་ལ་དེའི་ཐོབ་ཐང་ཡང་མེད)དེ་བས། གལ་སྲིད་ཁོ་པ་ཚོས་རང་གི་ཆོས་ཀྱི་རྒྱབ་རྟེན་རུང་བའི་ཚན་རིག་པ་ཞིག་བྱུང་ན་ཆོས་དཔོན་ཡིན་ཡང་ཕྱག་འཚལ་བའི་ལོ་རྒྱུས་བྱུང་ཡོད། ད་ལྟ་གསོན་ཐོག་ཏུ་ཡོད་པའི་ཚན་རིག་པ་གྲགས་ཅན་ཧོ་ཁེན(霍金)ལ་ཡེ་ཤུའི་ཆོས་དཔོན་ཆེན་པོ་ཞིག་གིས་ཕྱག་བཙལ་མྱོང་།
ཚན་རིག་པ་གྲགས་ཅན་ཨེན་སི་ཐེན་གྱི་ནང་པའི་ཆོས་ལ་བསྟོད་པ་ཞིག་བྱས་ཡོད་པ་དེར་བོད་པ་ཚོས་ཀྱང་ཕྱག་མ་འཚལ་བ་ཙམ་གྱི་སར་གཏུགས་ཡོད། འོན་ཀྱང་། མར་ཁེ་སིའི་འཐབ་གྲོགས་ཨེན་ཀེ་སིས་བོད་ཀྱི་ནང་ཆོས་ལས་རྩོད་སྒྲུབ་རིག་པར་བསྟོད་པ་བྱས་ཡོད་པ་དེར་ཅི་ཡང་ཟེར་གྱིན་མེད་མོད། བོད་ཀྱི་བསྡུས་གྲྭ་དེ་དང་མཐུན་ཞེས་ཞལ་ངོར་འཛུམ་ལངས་ཡོང་བའི་དགེ་བཤེས་ནི་ཡོད་དོ།།
བོད་ཀྱི་རྒྱ་བླ་དག་རྫུན་ཀུན་གྱིས་ནང་ལོག་དང་ཕྱི་རྒྱལ་དུ་ཆོས་སྤེལ་བཞིན་ཡོད་པ་སུ་ལ་གསང་མོད། བོད་ཀྱི་རང་བཞིན་གྱི་དད་ལྡན་པ་ཞིག་གིས་ཆོས་ཧ་ལམ་མི་སྤེལ་ཞེས་ཐག་བཅད་ཀྱང་རྫུན་དུ་མི་འགྲོ་བ་འདྲ། འོན་ཀྱང་། དེས་ནི་བདག་ཅག་ལ་རིག་གནས་ཀྱི་རང་རྟོན་ཆེན་པོ་ཡོད་པ་མི་འགྲུབ། དེ་ནི་ང་ཚོའི་སྣང་ངོར་ཆོས་སྤེལ་བ་དེ་རང་གི་ཕྲག་ཏུ་མ་བབས་པ་ཞིག་ཏུ་བསམ་ཡོད་པས་དང་། བོད་མི་ཕལ་མོ་ཆེ་ཆོས་ལ་དད་ཀྱང་ཆོས་ལ་རྨོངས་པས་རེད་འདོད། དེ་མིན་ང་ཚོ་ལ་རིག་གནས་རང་རྟོན་ཞིག་གང་དུ་ཡོད་དེ་མེད་དོ། ། ང་ཚོས་ཕ་སྐད་དང་སྲོལ་རྒྱུན་ལ་སྐྱ་སེར་ཕོ་མོ་ཡོང་ནས་བདག་སྐྱོང་བྱེད་ཀྱིན་པར་རྣམ་པར་མིག་ཟུར་ཙམ་འཕངས་པས་ཤེས་ཐུབ་སྟེ། འདི་འདྲའི་ཁོར་ཡུག་ཅིག་ནས་རིག་གནས་རང་རྟོན་གྱི་མཛུབ་མོ་གཟུག་ས་ཞིག་མི་རྙེད་དོ།།
གང་ལྟར། རིག་གནས་བཙན་འཛུལ་དང་རིག་གནས་གདོང་ཐུག རིག་གནས་འཐབ་འཁྲུག་སོགས་ནི་གནའ་ནས་བྱུང་ཞིང་ད་ལྟའང་འབྱུང་བཞིན་པའི་གནས་ཚུལ་ཞིག་ཡིན་པ་ལས་དུས་རབས་འདིར་ཆེད་དུ་ཐོན་པ་ཞིག་ཀྱང་མིན། ང་ཚོས་རང་ཉིད་བོད་པ་ཞིག་ཡིན་པའི་རྩིས་ཐང་སྲུང་ཡོད་བསམས་ཀྱང་དུས་རབས་སྔོན་མ་སྔོན་མའི་བོད་མི་ཞིག་གི་རིག་གནས་ཀྱི་རྩིས་ཐང་ང་ཚོས་བོར་ཚར་ཡོད། མ་འོངས་པའི་གོ་ལ་གཅིག་གྱུར་དང་གྲོང་ཁྱེར་ཅན། དེང་རབས་ཅན་གྱི་ལམ་ཁ་ནས་ང་ཚོས་རིག་གནས་ཀྱི་རྩིས་ཐང་ཇི་ལྟར་སྲུང་བའི་ཐད་སྔོན་དཔག་བྱེད་ཆོག་མོད་དོན་དུ་བསམ་གྱིས་མི་ཁྱབ།
གལ་སྲིད་རིག་གནས་གཞན་འགྱུར་ལ་ཚད་ཅིག་ཡོད་པའི་དབང་དུ་བཏང་ན་སྐབས་དེའི་མི་ཚོ་ནི་ཇི་འདྲ་ཞིག་ཡིན་སྲིད། མ་མཐར་ཡང་དེ་ཚོར་འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་རྩོད་པ་ཡོད་མི་སྲིད།(ནམ་ཞིག་ང་ཚོའི་རྗེས་རབས་པ་ཚོ་ཡང་དུས་ཆེན་འདི་ལ་ཅི་མི་སྙམ་པར་རོལ་གྱིན་པའི་རྒྱ་རིགས་སློབ་མ་ལྟ་བུ་ཞིག་ཏུ་གྱུར་ཟིན་དུས་ཁོ་ཚོས་ཀྱང་རོལ་མི་རོལ་རྩོད་མི་སྲིད་ལ་རྩོད་དགོས་དོན་ཡང་མེད) འོན་ཀྱང་། ང་ཚོ་ནི་ལས་ཀྱིས་བསྐོས་པའི་རིག་གནས་ཀྱི་སྲུང་སྐྱོབ་མཁན་ཡིན། དེ་ཡང་མཐར་གཏུགས་ན་ང་ཚོས་རིག་གནས་འདིའི་ཉིང་ཁུ་གཞིབས་ནས་གཉོམ་ལག་རྒྱས་པས། རིག་གནས་འདི་མེད་ཚེ་ང་ཚོ་ཡང་རྩིས་ཐང་ལྡན་པའི་ངང་གསོན་ཐབས་མི་འདུག དེ་བས་རང་གི་རིག་གནས་ཀྱི་རྩིས་ཐང་སྲུང་བ་དེ་གཞན་གྱིས་བབ་པའི་བཀའ་རུ་ནམ་ཡང་མི་བསམ།(རྩོམ་འགན་པ། རྟ་མགྲིན)