དགོན་པ་ནི་སྔར་གྱི་དགོན་དེ་ཡིན་ལ། གསུང་རབ་ཀྱང་སྔོན་གྱི་གསུང་རབ་དེ་རེད། འོན་ཀྱང་མཆོད་མདུན་དུ་བཞུགས་པའི་གྲྭ་བ་ནི་སྔོན་གྱི་གྲྭ་བ་དེ་མ་ཡིན་ནོ། །
ལོ ༤༨ ལ་བུད་པའི་ཐེ་ལན་བུད་མེད་ཅིག་ཉེ་སྔོན་མན་གོའི་མཁར་རྙིང་ཁུལ་གྱི་དགོན་པ་ལ་མཇལ་དུ་སོང་། ཁོ་མོ་དགའ་དགའ་སྤྲོ་སྤྲོའི་ངང་ནང་དུ་སོང་ཞིང་། བློ་ཕམ་ཡིད་ཆད་ཀྱི་ངང་ནས་སྒོར་ཐོན། ཁོ་མོ་ཡིད་ཐང་ཆད་དུ་འཇུག་མཁན་ནི་དགོན་པའི་ལྷ་སྐུ་མིན་པར་ཆོས་ལ་ཞུགས་པའི་གྲྭ་བ་རེད། ཁོ་མོས་དགོན་པ་རུ་བཅར་འདྲི་བྱེད་ཀྱིན་པའི་གསར་འགོད་པ་ལ། “ད་སྐབས་ཀྱི་ན་གཞོན་ཚོས་དད་མོས་ལ་བརྩི་བཀུར་བྱ་རྒྱུ་ཤེས་ཀྱིན་མི་འདུག་”ཅེས་སྐད་ཅོར་བརྒྱབ།
དུས་རབས་གསར་བའི་ཐེ་ལན་གྱི་གྲྭ་བ་རྣམས་ཆོས་འདོན་རྒྱུ་ལས་དྲ་བ་ལ་ཞུགས་པར་ཤིན་ཏུ་སྤྲོ་སྟེ། ཁོ་ཚོས་གློག་ཀླད་ཀྱི་བརྙན་མིག་མདུན་དུ་སྤོས་ནི་སྐད་སྦུག་དང་ཕྱགས་མ་ནི་པི་ཝང་དུ་བརྫིས་ནས་ཉ་མགོ་རྡུང་བའི་སྒྲ་དང་མཉམ་དུ། གཟན་གོས་གྱོན་པའི་གྲྭ་གཞོན་ཚོས་སོ་སོ་གླུ་ལེན་སྤྲོ་ཚོགས་ཤིག་ཏུ་ཡོད་པ་ལྟར་བྱེད། ཁོ་ཚོས་ཕྱོགས་གཅིག་ནས་སྐྲ་ལོ་མེད་པའི་མགོ་བོ་དེ་ཕར་གཡུག་ཚུར་གཡུག་བྱེད་པ་དང་། ཕྱོགས་གཅིག་ནས་བཀའ་ཆོས་གླུ་རུ་ལེན་ཞིང་། སྤྲོ་བ་རབ་ཏུ་འཕེལ་ཚེ་མིག་ཙུམ་དེ་མགོ་བོ་དགྱེས་ནས“ཁྱོད་ཀྱིས་ང་རང་འོད་སྡེར་བཞིན་ཏུ་འཁོར་དུ་ཆུགས”ཞེས་སྐད་གསེང་མཐོན་པོས་ལེན་པ་རེད།
འདི་དག་ཚང་མ་སྒྲོག་གུ་ལྟ་བུའི་བརྙན་མིག་བརྒྱུད་དེ Youtube སྟེང་དུ་བསྐུར་ཤིང་། འཛམ་གླིང་གི་ས་ཆ་སོར་ཡོད་པའི་མི་གྲངས་མེད་ཀྱི་གློག་ཀླད་བརྙན་རིས་ངོས་སུ་ཤར་བ་རེད།
དོན་རྐྱེན་འདིས་གྲྭ་བ་རྒན་པ་དག་ལ་འཇིགས་སྣང་བསྐྱེད། རྒྱལ་ནང་གི་ནང་ཆོས་ལས་དོན་ལ་འགན་འཁུར་བའི་ཐེ་གོ་ནང་ཆོས་སྲུང་སྐྱོང་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོས་མགོ་བོ་གཡུག་ཞོར“ཚན་རྩལ་ཧ་ཅང་དར་རྒྱས་ཆེ་བས་ང་ཚོས་རྗེས་ཟིན་མ་ཐུབ་པ་རེད”ཅེས་བཤད། མིང་ལ“ནང་ཆོས་རྒྱུས་ལེན་ཚོགས་པ”ཞེས་པ་ཞིག་གི་འགན་ཁུར་བས་སྔོན་ལ་གྲ་སྒྲིག་བྱས་ཡོད་པའི་གཏམ་བཤད་ཡི་གེ་ཞིག་ལག་ཏུ་བཙུར་ནས་གསར་འགོད་པར་བཤད་རྒྱུར། “ད་ལྟའི་བྱིས་པ་རྣམས་ཀྱིས་ནང་ཆོས་ལ་དེ་འདྲའི་དགའ་བོ་མི་བྱེད། ཁོ་ཚོར་ཐུན་མོང་གི་དགའ་ཕྱོགས་ཤིགཡོད་པ་ནི་དྲ་བར་ཞུགས་རྒྱུ་དེ་རེད། ཁོ་ཚོ་མི་རེའི་ལག་ཏུ iPad དང iPhone སོགས་རྩེད་ཆས་གསར་བ་ཐོགས་ཡོད་པ་རེད། ཁོ་ཚོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་ནང་ཆོས་མིན་ཞིང་། ནང་ཆོས་ཀྱིས་ཁོ་ཚོར་ཐེབས་པའི་ཤུན་ཤུགས་ཀྱང་ཁོ་ཚོས་ཚོར་གྱི་ཡོད་པ་མ་རེད།
༩༠% ཡན་གྱི་མི་ཚང་མ་ནང་ཆོས་ལ་དད་པའི་ཐེ་ལན་ཌི་རུ། མི་ཚོས་ཆོས་ཀྱི་སྙིང་དོན་ལབ་གླེང་བྱེད་པ་ལས་གཞན། ད་དུང་དྲ་རྒྱའི་སྐར་རྒྱུན་དུ་འགྱུར་བཞིན་པའི་གྲྭ་གཞོན་དེ་དག་གི་སྐོར་ལ་ལབ་གླེང་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད། ཁོ་ཚོས་ཆ་འཕྲིན་གྱི་དུས་རབས་ནང་དུ་གྲྭ་བ་དྲ་བར་ཞུགས་འོས་སམ། ཞེས་པའི་གླེང་གཞི་བྲིས་ཏེ་གླེང་སྟེགས་དྲ་བའི་མགོར་བཞག་ནས་སྤེལ།
གླེང་གཞི་འདི་སྤེལ་མཁན་གྱི་མཁན་པོ་ཕཱན་ཡ་ལོ་བིན་གྱིས་བལྟས་ན། དོན་དངོས་སུ་མི་ཚོས“གྲྭ་བ་དྲ་བུར་ཞུགས་པའི”དོན་རྐྱེན་འདིར་གོ་ལོག་ཐེབས་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡ་ནས་སྐྱེས་པའི་ནང་བ་སངས་རྒྱས་རྗེས་འཇུག་པ་ཁོང་ཆོས་སྒོར་ཞུགས་ནས་ལོ ༢༥ ལྷག་འདས་ཟིན་ལ། ཁོང་གིས་ཆོས་དཔེ་ཀློག་པ་ལས་གཞན་ད་དུང་ཐེ་གོ་གྱི་ནང་ཆོས་དྲ་ཚིགས་ཤིག་གཙོ་གཉེར་བྱེད་ཀྱི་ཡོད་པ་རེད།
“‘དྲ་རྒྱའི་གྲྭ་བ’ཞིག་ཡིན་པའི་ཆ་ནས། ང་རང་ཆེས་མི་དགའ་ས་ནི། ངས་ཐེངས་རེ་རེར་མི་གཞན་ལ་ཡང་ནས་བསྐྱར་དུ་ང་ཚོ་དྲ་བར་ཞུགས་ན་གློག་ཀླད་རོལ་རྩེད་རྩེད་ཀྱིན་མེད་ཅེས་བཤད་དགོས་པ་དེ་རེད” དོན་འདི་གླེང་ཡོང་ཚེ་ཁོང་གིས་ཅུང་ཁྲོས་བའི་ངང་ནས“ང་དངོས་གནས་གློག་ཀླད་རོལ་རྩེད་རྩེད་ཀྱི་མེད”ཅེས་ནན་དུ་བཤད་བྱུང་།
རོལ་རྩེད་མི་རྩེད་ན་གྲྭ་བ་དྲ་བར་ཞུགས་ནས་ཅི་བྱེད་དམ། ནང་པ་སངས་རྒྱས་པ་འདིས་བཏབས་པའི་ལན་ལྟར་ན་ཁྱོད་ཀྱིས་སྒྲུབ་ཆོག་པའི་དོན་དག་མང་པོ་ཞིག་ཡོད་པ་རེད། དཔེར་བཞག་ན། ཁྱོད་ཀྱིས་དྲ་བའི་སྟེང་ནས་སི་རི་ལན་ཁའི་ནགས་ཚལ་དུ་སྡོད་པའི་མིང་ལ་ཞིས་ཏ་ཧན་མཱོ་ཟེར་བའི་གྲྭ་བ་ཞིག་དང་མཉམ་དུ་ནང་ཆོས་ཀྱི་སྐོར་ནས་ལབ་གླེང་བྱས་ཆོག་པ་རེད། ཁོས་ཕྱི་རོལ་གྱི་འཇིག་རྟེན་ལ་འབྲེལ་བ་བྱེད་སྤྱད་ནི་དྲ་སྐུད་གཅིག་པོ་དེ་ཡིན་ནའང་། ཁྱོད་ཀྱིས་དུས་ནམ་ཡང་ཁོའི་པོད་ཁུག་ཀློག་ཐུབ་ལ་དྲ་རྒྱའི་གླེང་སྟེགས་སུ་གླེང་གཞིའང་སྤེལ་ཆོག དུ་དུང་ཁྱོད་ཀྱིས Youtube སྟེང་གི“གྲྭ་བར་དྲི་བ་འདོན་པ”ཞེས་པའི་དྲ་ངོས་སུ་སོང་ནས་དྲི་བ་བཏོན་ཆོག་པ་རེད། གལ་ཏེ་ཁྱོད་རང་འཐད་པ་ཡིན་ན་གྲྭ་བ་ཞིས་ཏ་ཧན་མཱོ་ཡིས་དུས་ནམ་ཡིན་ཡང་ཁྱོད་ལ་དང་ཆོས་ཀྱི་བྱིན་རླབས་སྐོར་ནས་ལབ་གླེང་བྱས་ཆོག་པ་རེད།
“དུས་རབས་ཉེར་གཅིག་པའི་དུས་འདིར། གལ་ཏེ་ང་ཚོས་ཚན་རིག་ལག་རྩལ་དང་དམ་པོར་འབྲེལ་ནས་དེའི་འཕེལ་རྒྱས་དང་བསྟུན་མ་ཐུབ་ཚེ། རོལ་མྱོང་བྱེད་མཁན་མེད་པའི་བཤམ་སྟོན་ཁང་གི་སྒྱུ་རྩལ་བརྩམས་ཆས་ཤིག་དང་འདྲ་བར་གནས་སྡིག་པོ་ཞིག་ཏུ་གཡུག་ནས་བསྐྱུར་འཇོག་པ་རེད། ” ཕཱན་ཡ་ལོ་བིན་གྱིས་དྲ་སྟེང་དུ་འདི་ལྟར་བྲིས་ཡོད་དེ། “དྲ་རྒྱ་བརྒྱུད་དེ་ང་ཚོས་འཛམ་གླིང་ཧྲིལ་བོར་འབྲེལ་བ་བྱས་ཆོག་ལ། ནང་ཆོས་འཛམ་གླིང་ཅན་བསྒྱུར་ནས་དེའི་རིག་གནས་ཀྱི་རིན་ཐང་མངོན་དུ་འཇུག་ཐུབ། དྲ་ཐོག་ནས་ནང་ཆོས་སྤེལ་བ་དེས་ནང་ཆོས་ཀྱི་བསྐྱར་དར་འབྱུང་ཐུབ་དུ་འཇུག་ཀྱང་སྲིད”
རྒྱབ་སྐྱོར་བྱེད་མཁན་གྱིས་འདི་ལྟར་བཤད་ཡོད་ཀྱང་། ངོ་རྒོལ་བྱེད་མཁན་གྱི་སྐད་སྒྲའང་མི་ཉུང་བ་ཞིག་བྱུང་སྟེ། ཁོ་ཚོས་དྲ་བའི་སྟེང་དུ་ཕཱན་ཡ་ལོ་བིན་དང་རྩོད་པ་ཆེན་པོ་རྒྱབ། ད་དུང་སྒྲོག་བྱང་བཤར་ནས་མཱན་གོའི་སྲང་དུ་ཁྲོམ་སྐོར་བྱས། ཁྲོམ་སྐོར་རྩ་འཛུགས་བྱེད་མཁན་གྱི་ཐེ་གོ་བ་ལ་བ་ཏེས་ཝང་ཧྲ་ཁུན་གྱིས་བཤད་རྒྱུར། “ད་ལྟའི་ཐེ་གོ་བ་མང་པོ་ཞིག་གི་ནང་ཆོས་ཀྱི་ཤེས་ཚད་ནི་ཐོང་དཔང་སྟེང་གི་ཆ་འཕྲིན་ཙམ་ལས་མེད་ལ། དྲ་རྒྱས་གནད་དོན་འདི་ཚབས་ཇེ་ཆེར་བཏང་ཡོད། མི་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་ཇེ་ཉུང་ལ་སོང་ཞིང་ནང་ཆོས་ཀྱི་དགོངས་པ་སྔར་ལས་ཀྱང་རྟོགས་དཀའ་བ་རེད”
འོན་ཀྱང་གྲྭ་བ་འགའ་ཤོས་ཀྱིས་འདི་དག་དང་ངོ་རྒོལ་བྱེད་པ་ལས་དུས་རབས་དང་བསྟུན་རྒྱུ་བྱས་ན་དགའ་སྙམ། ཁོ་ཚོས་བརྙན་འོད་དང་བརྙན་ལེན་འཕྲུལ་ཆས་མཱན་གོའི་ཤར་ཕྱོགས་ཀྱི་དགོན་པའི་ནང་དུ་ཡོང་ཆོག་པར་བྱས་ནས། ཐེ་གོ་སྐུད་ལྡན་དྲ་རྒྱའི་ཀུང་ཟི་ལ་གྲྭ་ཕྲུག ༩ ཡི་དངོས་ཡོད་འཚོ་བ་བརྙན་ལ་ཕབ་ཏུ་བཅུག
དངོས་ཞུས་གློག་བརྙན་དེའི་མིང་ལ《ཆོས་སྒོར་ཞུགས་པའི་གྲྭ་བ་ཆུང་ཆུང》ཟེར་ཞིང་། དྲ་ཐོག་ནས་བསྒྲགས་རྗེས་དེར་ལྟ་མཁན་མང་པོ་བྱུང་། གློ་ཉེའི་ལྟ་མཁན་དག་གིས“གསར་འགྱུར་ནང་དུ་སྟོན་གྱིན་པའི་མི་སྣ་དེ་དག་དང་བསྡུར་ན་གྲྭ་ཕྲུག་འདི ༩ ལས་ཞི་འཇགས་དང་བདེ་སྐྱིད་ཚོར་ཐུབ”ཅེས་དཔྱད་བརྗོད་བྱེད།
གྲྭ་བ་དྲ་བར་ཞུགས་པ་དོན་དངོས་སུ་ལེགས་སམ་ཉེས། དྲི་བ་འདི་ལ་སྔར་བཞིན་ལན་ཡོད་པ་མ་རེད། འོན་ཀྱང་དོན་དག་ཅིག་ནི་འགྱུར་མེད་གནས་བབ་ཅིག་ཏུ་གྱུར་ཡོད་དེ། དེ་ནི་སྔོན་ཆད་ང་ཚོ་དང་རྒྱང་བཀྱེད་པའི་དྭངས་གཙང་ཆོས་ཀྱི་གནས་དེ་ད་ལྟ་དྲ་བའི་རྐུད་པ་རེ་རེ་བརྒྱུད་དེ་ལྷག་ལུས་མེད་པར་འཛམ་གླིང་གི་མིག་མདུན་དུ་འདྲེན་གྱིན་པ་དེ་རེད།(རྩོམ་འགན་པ། རྟ་མགྲིན)