ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཡུལ་ཤུལ་གྱི་འདོམ་དཀར་དགོན་པར་རི་ཉིལ་བྱུང་ནས་གཏོར་བརླག་ཐེབས།

2014-11-15 ཀླུ་འབུམ་རྒྱལ།

    གསར་འགོད་པས་མཚོ་སྔོན་ཡུལ་ཤུལ་ཁུལ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་རྒྱུར། ཟླ ༡༡ པའི་ཚེས ༢ ཉིན་གྱི་ཕྱི་དྲོའི་དུས་ཚོད ༦ ཡས་མས་སུ། རྒྱལ་ཁབ་གཞུང་ལམ་ལམ་ཐིག ༢༡༤ ཉེ་འགྲམ་གྱི་ཡུལ་ཤུལ་ཁུལ་འདོམ་དཀར་ལྷུན་གྲུབ་བདེ་ཆེན་ས་དོན་ཆོས་འཁོར་གླིང་ལ་རི་ཉིལ་བྱུང་བ་དང་། རི་ཉིལ་བྱུང་བའི་ཡུལ་དངོས་དང་ཉེ་འཁོར་དུ་མི་མེད་ལ་རླངས་འཁོར་འགྲོ་འོང་བྱེད་པ་ཡང་མེད་པས། ཤི་རྨས་ཀྱི་དོན་རྐྱེན་གང་ཡང་བྱུང་མེད་པ་རེད།

    ཡུལ་ཤུལ་གྱི་ཟླ ༤ པའི་ཚེས ༡༤ ཉིན་གྱི་ས་འགུལ་བྱུང་བའི་རྗེས་སུ། འདོམ་འཀར་དགོན་པར་ས་རྒྱུའི་གནོད་འཚེ་དང་ས་འགུལ་གྱི་གནོད་འཚེ་གཉིས་ལྷན་གཅིག་ལ་བྱུང་། འདོམ་དཀར་ལྷན་གྲུབ་བདེ་ཆེན་ས་དོན་ཆོས་འཁོར་གླིང་ནི་སྔ་མའི་ཆགས་ཡུལ་ལས་གནས་གཞན་དུ་སྤོར་བ་དང་བསྐྱར་འཛུགས་བྱས། ༢༠༡༠ ལོའི་ཟླ ༦ པའི་ཚེས ༢༠ ཉིན་སྲིད་གཞུང་ནས་དམངས་སྒོར་ཁྲི ༤༡༧༡ ལྷག་གི་མ་རྩ་བཏོན་པ་དང་། དགོན་པ་རང་ནས་ཁྲི ༡༥༠༠ ལྷག་གི་མ་དངུལ་བཏང་ནས་ཡུལ་ཤུལ་གྲོང་ཁྱེར་སྐྱེ་དགུ་གྲོང་རྡལ་གྱི་ཤར་རླུང་སྡེ་བར་འདོམ་དཀར་དགོན་པ་གསར་དུ་བཏབ། ༢༠༡༣ ལོའི་ཟླ ༤ པར་འདོམ་དཀར་དགོན་པའི་ཚོགས་ཆེན་འདུ་ཁང་དང་། ཆོས་སྐྱོང་ལྷ་ཁང་། ཟ་ཁང་། ནང་བསྟན་སློབ་གླིང་དང་གྲྭ་ཤག་ཁང་མིག ༡༧༩ ལྷག་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་།  

    རྒྱུས་ལོན་བྱས་ཏེ་ཤེས་གསལ། ལམ་ཐིག་འདིའི་ཉེ་འཁོར་ནི་རི་ཉིལ་འབྱུང་སླ་བའི་ས་ཁུལ་ཡིན་པ་དང་། ས་འདི་གའི་མང་ཚོགས་རྣམས་འགྲོ་འོང་བདེ་བའི་ཕྱིར་དུ་སྔོན་ཆད་ལྕགས་ཟམ་བཟོས་ཡོད་པ་རེད། ཡིན་ཡང་དེར་རླངས་འཁོར་ཆུང་གྲས་ཀྱི་རིགས་ཁོ་ན་མ་གཏོགས་འགྲོ་རུ་བཅུག་མེད། གཞན་ཟོང་འཁོར་ཆེ་གྲས་ཀྱི་རིགས་རྣམས་རྒྱང་ལམ་བསྐོར་ནས་འགྲོ་དགོས། ད་ལྟ་བགྲོད་ལམ་བདེ་འཇགས་ལས་ཁུངས་ཁག་ནས་ས་གནས་དེར་དུས་ཚོད ༢༤ ཡི་འགྲིམ་འགྲུལ་མཛུབ་སྟོན་བྱེད་བཞིན་ཡོད་པ་དང་། རི་ཉིལ་གནས་ཚུལ་ལ་མུ་མཐུད་དུ་བརྟག་དཔྱད་དང་སྔོན་འགོག་བྱེད་བཞིན་ཡོད། 

    ད་མིན་གཞན་ཡུལ་ཤུལ་ཁུལ་འགྲིམ་འགྲུལ་དང་རྒྱལ་ཁོངས། སྐྱེལ་འདྲེན། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་སོགས་ནས་གྲོས་མོལ་བརྒྱུད། ས་གནས་དེ་གའི་རི་ཉིལ་དོན་རྐྱེན་དང་འགྲིམ་འགྲུལ་བཀག་འགོག་གི་གནས་ཚུལ་ལ་སྙོམས་སྒྲིག་བྱས་ཏེ། ཐོག་མར་གནས་སྐབས་ཀྱི་བགྲོད་ལམ་ཟུར་དུ་ཕྱེ་དགོས་ཤིང་དེ་ནས་མགྱོགས་མྱུར་གྱིས་ལམ་ཐིག་རྒྱུན་ལྡན་དུ་བསྒྱུར་བ། འབྲི་ཆུའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཕྱེ་སྟེ་རླངས་འཁོར་གྱི་འགྲོ་འོང་རྒྱུན་ལྡན་དུ་གཏོང་རྒྱུ་སོགས་འོས་འཚམ་གྱི་བཀོད་སྒྲིག་བྱས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག