“ལོ་འདི་ཤས་རིང་། གཙང་གསུམ་འབྱུང་ཡུལ་དུ་གང་དགར་ཚེ་ཐར་གཏོང་མཁན་གྱི་མི་སྒེར་དང་ཚོགས་པ་རྟག་པར་མཐོང་རྒྱུ་འདུག ཕྱི་ནས་ཡོང་བའི་རིགས་མི་གསལ་པའི་ཉ་དེ་དག་གི་ལུས་ལ་དུག་སྲིན་ཕྲ་མོ་ཡོད་པས། དེས་ས་གནས་དེ་གའི་ཆུ་རྒྱུད་དུ་གནས་བཅའ་བའི་ཉ་ཡི་ས་ཆ་བདག་བཟུང་བྱས་ཏེ་ཉེན་ཁ་ཆེན་པོ་འདུག” ཟླ ༩ པའི་ཚེས ༢༡ ཉིན། མཚོ་སྔོན་ཞིང་ཆེན་ཉ་ལས་དཔལ་འབྱོར་རྟོག་ཞིབ་ས་ཚིགས་ཀྱི་བཟོ་བཀོད་པ་ལི་ཧི་མའོ་ཡིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པར་འདི་སྐད་བརྗོད་བྱུང་ལ། “མང་ཚོགས་དཀྱུས་མ་དག་གིས་གཙང་གསུམ་འབྱུང་ཡུལ་དུ་རིགས་མི་གསལ་བའི་ཉ་རིགས་གང་བྱུང་ཚེ་ཐར་གཏང་མི་ཉན”ཟེར།
“ད་ཆ་མང་ཚོགས་ཀྱིས་ཉ་རིགས་རིགས་སྣ་གང་ཡིན་ཧ་གོ་གི་མེད། ཁྲོམ་ར་ནས་ཕྱི་ཡོང་ཉ་རིགས་ཉོས་ཏེ་གཙང་གསུམ་འབྱུང་ཡུལ་དུ་ཚེ་ཐར་ལ་བཏང་ན་དུག་སྲིན་ཕྲ་མོ་ཁྱེར་ཡོང་བའི་མི་ཚད། ད་དུང་ས་གནས་དེ་གར་གནས་བཅའ་བའི་ཉ་རིགས་ཀྱི་མངའ་ཁོངས་འཕྲོག་པ་དང་། མ་གཞི་ནས་དཀོན་པོ་ཡིན་པའི་ཉ་གཟན་ཐོན་ཁུངས་འཕྲོག་རེས་བྱེད” ལི་ཧོ་མའོ་ཡིས། ད་ཆ་རྨོངས་ཚོད་ཀྱིས་སྲོག་བླུ་བཏང་བ་ལ་གནས་སྐབས་ཉེན་ཁ་ཆེན་པོ་བྱུང་མེད་ཀྱང་། འདིས་གཙང་གསུམ་འབྱུང་ཡུལ་གྱི་ཆུ་གནས་སྲོག་ཆགས་ཀྱི་འཕེལ་ཁ་ལ་གནོད་པ་སྐྱེལ་ཐག་ཆོད་ཡིན་ཟེར།
གཙང་གསུམ་འབྱུང་ཡུལ་གྱི་ཆ་སྙོམས་མཚོ་འཕགས་སྨི ༤༠༠༠ ཡས་མས་ཡིན་ཞིང་། འཛམ་གླིང་གི་མཚོ་འཕགས་མཐོ་སའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་འདུ་ཤོས་ཡིན་པའི་རང་བྱུང་སྲུང་སྐྱོབ་ཡིན་ལ། ཀྲུང་གོའི་རང་བྱུང་བརླན་ས་མཚོ་འཕགས་ཆེས་མཐོ་བ་དེའང་ཡིན། ལི་ཧི་མའོ་ཡིས་སྲོག་བླུ་གཏོང་བ་འདིས་སྤྱིར་བཏང་ཚེ་སྲོག་ལ་བརྩི་མཐོང་དང་སྲུང་སྐྱོང་ལྟ་བུ་མཚོན་གྱི་ཡོད་ནའང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམ་ཆུང་བས། ཡུལ་འདི་ནས་ཚེ་ཐར་གང་བྱུང་གཏོང་བ་ལ་མོས་མཐུན་མེད་ཟེར།
རྟོག་ཞིབ་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཝང་ཀྲིན་གྱིས་ངོ་སྤྲོད་གནང་བ་ལྟར་ན། ཉ་གྲོ་སྙེ་ཟེར་བ་རི་མོ་གསལ་ཞིང་གྲོ་ཡི་སྙེ་མ་དང་འདྲ་བས་མིང་ཡང་དེ་ལྟར་ཐོགས་ལ། “ཉ་འདི་རིགས་སྐྱེ་འཕེལ་དང་འཚོ་བའི་ནུས་པ་ཤིན་ཏུ་ཆེ། ཡིན་ཡང་གཙང་གསུམ་འབྱུང་ཡུལ་གྱི་གཉུག་གནས་ཉ་རིགས་མིན་ཀྱང་། ལོ་འདི་ཚོར་གཙང་གསུམ་འབྱུང་ཡུལ་ནས་ཆུ་གནས་སྲོག་ཆགས་ལ་རྟོག་ཞིབ་བྱེད་དུས་འདི་འདྲ་རྙེད་བྱུང་། ཉེ་གྲོ་སྙེས་ཡིས་གཉུག་གནས་ཉ་རིགས་ཀྱི་ཉེའུ་ཧམ་བཟུང་བྱས་ཏེ་དེའི་འཚོ་གནས་ལ་ཉེན་ཁ་བཟོ་གི་འདུག”
རྒྱུས་ལོན་བྱུང་བ་ལྟར་ན། ལོ་འདི་ཚོར་གཙང་གསུམ་འབྱུང་ཡུལ་ནས་ཡུལ་གཞན་གྱི་ཉ་སྣ་ཅུང་མང་པ་རྟོག་ཞིབ་ལས་རྙེད་དེ། དཔེར་ན་ཉ་སྔོ་དམར་དང་། རྫིང་ཉ། ཉ་གྲོ་སྙེ། འདམ་ཉ་སོགས་འདུག དེར་མ་ཟད། ཕྱི་ཡོང་གི་ཉ་ཡི་མཐུན་རྐྱེན་ཡག་པོ་ཡོད་དེ། དེའི་གྲས་ཀྱི་ཉ་སྔོ་དམར་གྱི་གཟུགས་པོ་གཉུག་གནས་ཉ་རིགས་ཀྱི་ལྡབ ༣ ནས ༤ ཡིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་སྡེ་ཁག་གིས་སྲོག་བླུ་ཚད་ལྡན་བྱ་དགོས་ལུགས་ཀྱི་བརྡ་སྦྱོར་བཏང་ནའང་། ལི་ཧི་མའོ་ཡིས་བརྗོད་ན། “ཚང་མས་ཚེ་ཐར་གྱི་ཕུགས་ཀྱི་ཉེན་ཁ་ཧ་མི་གོ་བས། ཚེ་བླུའི་བྱེད་སྒོ་ལན་མང་བཀག་ཀྱང་ཁོགས་ཀྱི་མི་འདུག”ཟེར།(རྩོམ་འགན་པ། རྟ་མགྲིན)