ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གཙང་གསུམ་འབྱུང་ཡུལ་གྱི་བྲ་གསོད་དུ་ལོ ༩ ལ་སྒོར་དུང་ཕྱུར ༨ བཏང་། འདིས་སྐྱེ་ཁམས་ལ་གནོད་ཚབས་ཆེ་ཟེར།

2014-11-29 ཟླ་བ།
གཙང་གསུམ་འབྱུང་སར་བྲ་གསོད་དུ་ལོ༩ལ་དུང་ཕྱུར༨བཏང་། འདིས་སྐྱེ་ཁམས་ལ་གནོད་ཚབས་ཆེ་ཟེར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གང་སྟོད་ཤང་བང་ར་འོད་སྡེ་བའི་མང་ཚོགས་ཀྱིས་རྩྭ་སར་བྲ་དུག་གཏོར་བཞིན་པའི་ཚུལ་ཡིན་ཞིང་། བྲ་ཁུང་གཅིག་ཀྱང་མི་ལུས་ཕྱིར་མི་རྣམས་སྟར་ག་གཅིག་ཏུ་བསྒྲིགས་ནས་མདུན་དུ་འགྲོ་བཞིན་པ།
   བྲ་གསོད་ལས་འགུལ་འདི་མཚོ་སྔོན་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ་སྤེལ་མཚམས་མ་ཆད་མོད། ཉེ་བའི་ལོ་ཤས་རིང་། ཁོར་ཡུག་སྲུང་སྐྱོབ་པས"ཨ་བྲ་ནི་རྩྭ་ས་ཇེ་སྡུག་ཏུ་ཕྱིན་པའི་འབྲས་བུ་ཞིག་ལས་རྒྱུ་རེད་མི་འདུག"ཅེས་ཡུན་གྱིས་བསྐྱར་ཞིབ་བྱ་མགོ་ཚུགས། ཡིན་ནའང་འདི་དང་ལྟག་སྤྲོད་དུ་གྱུར་པ་ཞིག་ནི། ༢༠༠༥ ལོ་ནས་ད་ཆའི་བར་གྱི་གཙང་གསུམ་འབྱུང་ཁུངས་སྐྱེ་ཁམས་རྣམ་གྲངས་རེབ་དང་པོ་གཉིས་པ་རུ། སྲིད་གཞུང་གིས་བྲ་གསོད་ལ་མ་དངུལ་བཏང་ཚད་དུང་ཕྱུར ༡.༥༧ ནས་དུང་ཕྱུར ༦.༥ ལ་འཕར་ཞིང་། ཆ་བསགས་སྒོར་དུང་ཕྱུར ༨ ལས་བརྒལ་ཡོད། པེ་ཅིང་སློབ་ཆེན་གྱི་སྐྱེ་དངོས་སྲུང་སྐྱོབ་རིག་པའི་འབུམ་རམས་པ་སུང་ལེན(宋玲)གྱིས། བྲ་གསོད་ནི་སྐྱེ་ཁམས་མ་ལག་ལ་དོ་མི་སྙོམས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་ཟེར།
   སྐྱེ་ཁམས་མ་ལག་ཁྲོད་དུ་ཨ་བྲའི་གོ་ས་དང་ནུས་པ་ཇི་ལྟར་ཡིན་པ་ངོས་ལེགས་པོར་བཟུང་ནས། "ཀྲུང་གོའི་ཆུ་མཛོད"དུ་གྲགས་པའི་གཙང་གསུམ་འབྱུང་ཁུངས་ལ་སྔར་བས་ཇི་ལྟར་བསྲུང་རྒྱུ་དེ། སྲིད་གཞུང་གིས་ཇུས་གཞི་ལག་བསྟར་བྱེད་དུས་ཚན་རིག་དང་དཔྱོད་ཤེས་ཡིན་མིན་ལ་ཐུག་ཡོད་ཅིང་། དེའང་ཁོར་ཡུག་སྲུང་སྐྱོབ་ཆེད་མཁས་པ་དང་བློ་ཁ་མཐུན་མིན་ལ་ཐུག་འདུག
ཨ་བྲ་འདི་རིགས་གཙང་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱུད་དུ་ཁྱབ་ཡོད།
དུས་རབས་ཕྱེད་རིང་གི་བྲ་གསོད་ལས་འགུལ་དྲག་པོ།
   ཆ་སྙོམས་མཚོ་འཕགས་རྨིད ༤༠༠༠ ཡན་ཡིན་པའི་གཙང་གསུམ་འབྱུང་ཁུངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༣༩.༥ ཡོད་པ་དང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཡིན་པར་མ་ཟད། འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་རང་བྱུང་བརླན་ས་དང་། སྐྱེ་དངོས་སྣ་ཁ་ཆེས་མང་པོའི་ཡུལ་གྲུའི་ཡ་གྱལ་ཞིག་ཀྱང་ཡིན་ལ། "ཀྲུང་གོའི་ཆུ་མཛོད"ཀྱི་མཚན་ཡང་ཐོགས་ཡོད།
   དུས་རབས་གོང་མའི་ལོ་རབས ༩༠ པ་ནས། གནམ་གཤིས་ཇེ་དྲོ་དང་ཕྱུགས་འཚོ་རྒྱུ་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་གྱིས། གཙང་གསུམ་འབྱུང་ཁུངས་ཀྱི་ས་ཆ་བྱེ་མར་འགྱུར་བའི་མགོ་ཚུགས་ཤིང་། ཨ་བྲ་འབོར་ཆེན་གྱིས་རྩྭའི་ལོ་མ་ནས་རྩད་པའང་བཟའ་བ་མ་ཟད། ས་བསློགས་ཏེ་བྲ་ཁུང་མང་དུ་བརྐོས་པས། ཡུལ་ཕྱོགས་འདིར་རྩྭ་རྐང་ཉག་གཅིག་མི་སྐྱེ་བའི"ནག་ཐང"རྒྱ་ཆེན་པོ་བྱུང་བ་དང་། རང་བཞིན་གྱིས། ཨ་བྲ་ནི་རྩྭ་ས་ཇེ་སྡུག་ཏུ་འགྲོ་བའི་གཏེ་བོ་མཐར་ཐུག་ཏུ་ངོས་བཟུང་བ་རེད།
   མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིང་གི་དན་གྲངས་ལྟར་ན། གཙང་གསུམ་འབྱུང་ཁུངས་ལ་ཨ་བྲའི་གནོད་སྐྱོན་ཕོག་པའི་ས་ཆའི་རྒྱ་ཁྱོན་མུའུ་ཁྲི ༩༦༦༦ ཡིན་ཞིང་། དེས་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི ༡༧% ཟིན་པ་རེད། ས་ཁུལ་འདིའི ༥༠% ཡན་གྱི"ས་ནག"ཨ་བྲས་བསྐྱེད་པ་ཡིན། རྩྭ་ས་ཇེ་ཞན་དུ་འགྲོ་བའི་གནད་དོན་འདི་རྒྱུ་མ་ཕུ་འདེད་བྱས་ན། ༡༩༦༠ ལོར་འདེད་ཐུབ་སྟེ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་གཞིར་བཞག་ན། ༡༩༧༠ ནས ༢༠༠༤ ལོའི་བར། གཙང་གསུམ་འབྱུང་ཡུལ་གྱི་ཇེ་སྡུག་ཏུ་ཕྱིན་པའི་རྒྱ་ཁྱོན་གྱིས་རྩྭ་ས་སྤྱིའི་རྒྱ་ཁྱོན་གྱི ༤༠.༡% ཟིན།
   དུས་རབས་གོང་མའི་ལོ་རབས ༦༠ པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བྲ་གསོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོར་སྤེལ་ཞིང་། སྔ་རྟིང་ལོ༥ཡི་རིང་ཁྱོན་རྫོང་ཁག ༢༠ ཡི་རྩྭ་ས་སྤྱི་ལེ་གྲུ་བཞི་མ་ཁྲི ༢༠ ཙམ་དུ་བྲ་གསོད་ཀྱི་ལས་འགུལ་སྤེལ་བ་རེད།
༢༠༠༥ ལོར། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་སྐབས་དང་པོ་ལག་བསྟར་བྱེད་དུས། རྒྱལ་ཁབ་ཀྱིས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར ༧༥ བཏང་སྟེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། དེའི་ནང་དུ"ས་ནག"གི་ཨ་བྲ་ཐག་གཅོད་ཀྱི་ལས་གཞིར་སྒོར་དུང་ཕྱུར ༡.༥༧ བཏང་། དེ་ནི་རྣམ་གྲངས་ཆུང་ངུ ༢༢ ནང་གི་གཅིག་ཡིན་པ་དང་ལས་གཞི་ཆེན་པོ་འདིའི་གནད་དང་འགག་རྩའི་གྲས་ཤིག་ཀྱང་རེད། ༢༠༡༣ ལོའི་བར་དུ། བཅོས་སྐྱོང་བྱས་པའི་ས་ཆའི་རྒྱ་ཁྱོན་སྡོམ་མུའུ་དུང་ཕྱུར ༡ ལ་སླེབས།
   ༢༠༡༤ ལོའི་ལོ་མགོར། གཙང་གསུམ་འབྱུང་ཁུངས་གི་སྐྱེ་ཁམས་སྲུང་སྐྱོབ་རྣམ་གྲངས་སྐོར་གཉིས་པ་དངོས་སུ་ལག་བསྟར་བྱས་ཤིང་། ཨ་བྲ་ལེགས་བཅོས་བྱེད་ཚད་མུ་མཐུད་ནས་ཇེ་ཆེར་བཏང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཞའོ་ནན(李晓南)གྱི་ངོ་སྤྲོད་གནང་རྒྱུར། ལས་གཞི་སྐོར་གཉིས་པར་སྒོར་དུང་ཕྱུར༦.༥ཡིས་གཙང་གསུམ་འབྱུང་ཡུལ་གྱི་ཨ་བྲ་ལེགས་བཅོས་ས་མུའུ་ཁྲི༤༦༧༠བྱེད་འཆར་ཡིན་ཞིང་། མཐོ་སྒང་གི་ཨ་བྲ་ཕུད། བྱི་ལོང་གི་ས་མུའུ་ཁྲི༧༦༣ཡང་འདུས། ལས་ཀ་འདི ༢༠༡༤ ལོའི་ཟླ ༨ པར་རྒྱུན་སྐྱོང་རྒྱུ་ཡིན་ཞིང་། སྔོན་དཔག་གྲུབ་འབྲས་མ་འོངས་པའི་ལོ ༣ ནས ༥ ཡི་ནང་མངོན་ཡོང་ཟེར།
   ལི་ཞའོ་ནན་ན་རེ། ལས་ཀ་ལམ་ལྷོངས་ཡོང་ཆེད། མཚོ་སྔོན་ཕྱོགས་ཀྱིས་འགོག་བཅོས་དུས་ཚོད་དང་། འབྲིད་གཟན་སྨན་རྫས། མི་ཤུགས་བཀོད་སྒྲིག ལག་རྩལ་ཞབས་ཞུ་ཐ་དག་གཅིག་གྱུར་བྱས་ཏེ། རྒྱ་ཆེ་ལ་གཅིག་སྡུད་ཀྱིས་ལེགས་བཅོས་བྱས་ནས་གཙང་གསུམ་འབྱུང་ཡུལ་གི་ཨ་བྲའི་འཕེལ་ཁར་དམ་འགོག་བྱ་རྒྱུ་ཡིན།
དམངས་ཁྲོད་ནས་བྲ་གསོད་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།
   "བལྟས་ཙམ་གྱིས་གནོད་སྐྱོན་ཆེ་བའི་སྲོག་ཆགས་ཤིག་མིས་བསམ་གཟས་ཏེ་རྩ་མེད་དུ་བཏང་ན་ཞིང་ལས་སམ་སྐྱེ་ཁམས་ལ་ཕན་ཐོགས་ཡོད་པ་ལྟར་སྣང་ཡང་། དོན་ལ་འདི་སྐྱེ་ཁམས་མ་ལག་དོ་མི་མཉམ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། རྒྱལ་ཁབ་ཕྱི་ནང་ནས་ལོ་དུ་མའི་རིང་ཞིབ་འཇུག་བར་མེད་དུ་བྱས་པ་ལས། རིག་གཞུང་གི་སྡེ་ལ་ཐུན་མོང་གི་ལྟ་བ་ཞིག་ཆགས་ཡོད་དེ། ཨ་བྲ་རྩྭ་ས་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་མ་ཡིན་པར་འབྲས་བུའི་མངོན་ཚུལ་ཞིག་ཡིན་པ་རེད"པེ་ཅིང་སློབ་ཆེན་གྱི་སྐྱེ་དངོས་སྲུང་སྐྱོབ་རིག་པའི་འབུམ་རམས་པ་སུང་ལེན་གྱིས་ཕིན་ཕེའི་གསར་འགོད་པར་འདི་སྐད་བཤད་བྱུང་།
   སུང་ལིན་ན་རེ། སྲིད་ཇུས་ཡིག་ཆ་རུ་ཨ་བྲ་རྩྭ་ས་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་ཞིག་ཏུ་བགྲངས་ཡོད། དེའི་སྟབས་ཀྱིས། བྲ་གསོད་བྱེད་ཐབས་རབ་དང་རིམ་པ་ཞིག་སྤྱད་ནས་ཨ་བྲའི་གྲངས་འབོར་ལ་ཚོད་བཟུང་སྟེ་རྩྭ་ས་ལེགས་བཅོས་ལ་འབད་པ་རེད། ཡིན་ནའང་ཚན་རིག་གི་ཞིབ་འཇུག་ལྟར་ན། ཨ་བྲ་ཇེ་མང་དུ་འགྲོ་བ་ནི་རྩྭ་ས་ཇེ་སྡུག་ཏུ་ཕྱིན་པའི་འབྲས་བུ་ལས། རྒྱུ་རེད་མི་འདུག རྩྭ་ས་ཇེ་སྡུག་ཏུ་ཕྱིན་པས། རྩི་ཤིང་གི་ཁེབས་ཚད་དམའ་པོ་ཆགས། དེས་ཨ་བྲའི་འཚོ་གནས་དང་དེ་ཁ་དར་བར་མཐུན་རྐྱེན་ལེགས་པོ་བསྐྲུན་པ་དང་། བྲའི་གྲངས་འབོར་མང་པོ་ཆགས་པ་རེད། རྩྭ་བཟང་སར་ཨ་བྲས་སྒོ་ཕྱུགས་དང་ཁ་ཟས་འཕྲོག་རྩོད་མི་བྱེད། གྲངས་འབོར་ཡང་ཚོད་ཟིན་ཡོད། དེ་ལས་ལྡོག་སྟེ། རྩྭ་སའི་གནས་བབ་སྡུག་ས་རུ་ཨ་བྲ་ཤིན་ཏུ་མང་ཞིང་། དེ་རྩྭ་སའི་རྩི་ཤིང་གི་གྲངས་ཀར་ཚོད་འཛིན་པར་ཕན་པ་ཡོད།
སུང་ལིན་གྱིས་འགྲེལ་བརྗོད་གནང་རྒྱུར། ཨ་བྲ་ནི་མདོ་དབུས་མཐོ་སྒང་གི་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་གི་གནད་འགག་ཅིག་ཡིན་ཏེ། སྐྱེ་ཁམས་མ་ལག་བདེ་ཐང་དང་སྐྱེ་དངོས་སྣ་མང་ཅན་ལ་ནུས་པ་ཆེན་པོ་ཡོད། ཨ་བྲ་དུག་གིས་བསད་པས་དེའི་གྲངས་ཀར་སྟངས་འཛིན་བྱེད་རྒྱུ་དང་རྩྭ་ས་སྐྱེ་ཁམས་སླར་སོས་རྒྱུ་ཕར་ཞོག མཐོ་སྒང་གི་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་ཐེངས་གཉིས་པ་བཟོ་སྟེ། སྐྱེ་དངོས་སྣ་ཇེ་ཉུང་དུ་གཏོང་ཞིང་། སྐྱེ་ཁམས་མ་ལག་སྔར་བས་ཇེ་གཉོམ་དུ་གཏོང་བ་ཡིན། ཆགས་བཞག་ན། ཨ་བྲ་དུག་གིས་བསད་ན། གྲངས་ཀ་ཉུང་བའི་བྲ་དང་རི་བོང་རིགས་སམ་གཞན་དག་ཀྱང་མཉམ་དུ་གསོད་ངེས་པ་དང་། ད་དུང་བྱ་ཡི་རིགས་དང་གྲངས་ཀར་ཡང་ཤུགས་རྐྱེན་ཐེབས་ངེས་ཡིན། ནང་སྒོས་སུ"ཨ་རྟ་ད་ཡུ"སོགས་ཨ་བྲའི་ཚང་དུ་གནས་འཆའ་བའི་བྱ་རིགས་དང་། ཨ་བྲ་ཟས་སུ་བྱེད་པའི་གླག་ལྟ་བུའི་སྡེར་ཐོགས་ཅན། གཅན་གཟན་ཏེ་ཝ་སྤྱང་དོམ་སོགས་ཀྱང་དུག་ཡོད་པའི་ཨ་བྲ་ཟོས་པའམ་ལྟོགས་གྲིར་ཤི་སྟེ་ཇེ་ཉུང་དུ་འགྲོ་ངེས།
བྲ་གསོད་ཀྱིས"ཨ་བྲའི་དཔལ་འབྱོར"བསྐྱེད།
   མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་བྲ་གསོད་རྒྱུ་སྲིད་ཇུས་རང་བཞིན་ཡིན་ཞིང་། ད་སྔ་ཕན་ཆོད་དུ་དུས་རབས་ཕྱེད་ཙམ་ལ་རྒྱུན་བསྐྱངས་པ་རེད། ༢༠༠༥ ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་སྐོར་དང་པོ་མགོ་རྩོམ་དུས། བྲ་གསོད་ལེགས་བཅོས་ལས་གཞི་འདི་སྐྱེ་ཁམས་རྣམ་གྲངས་ཀྱི་ཆ་གལ་ཆེན་ཞིག་ཏུ་བཞག་ཡོད།
   ཡུལ་ཤུལ་ཁུལ་གྱི་གཙང་གསུམ་འབྱུང་ཡུལ་གྱི་བྲ་གསོད་ལས་ཀར་ཡུན་རིང་དོ་ཁུར་གནང་བའི་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཀྲའོ་ཞང(赵翔)གིས་ཕིན་ཕེ་གསར་འགྱུར་ལ་སྨྲས་དོན། གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་སྐོར་དང་པོའི་ལས་གཞི་ཆུང་བ ༢༦ དང་སྤྱིའི་མ་དངུལ་དུང་ཕྱུར ༧༥ བཏང་པའི་ནང་དུ། ཨ་བྲ་ལེགས་བཅོས་ལས་གཞིར་སྒོར་དུང་ཕྱུར ༡.༥༧ བཏང་ཞིང་རྩྭ་ས་མུའུ་ཁྲི ༣༡༣༨.༡༣ ལ་འབྲེལ་ཡོད་པ་དང་།(རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི ༢ ཏེ། ཧྲང་ཧའི་གྲོང་ཁྱེར ༣ གྱི་ཁྱོན་ཙམ་ཡིན) ལྕགས་དྲ་དང་གཟན་ཆས་ཀྱི་གསབ་དངུལ། སྐྱེ་ཁམས་གནས་སྤོ་ཕུད་པའི་ལས་གཞི་གལ་ཆེན་ཞིག་ཡིན།
   ཡུལ་ཤུལ་རྫོང་ཁོ་ནར་མཚོན་ནའང་། ༢༠༠༨ ལོར་ཡུལ་ཤུལ་རྫོང་གིས་བྲ་གསོད་གནོད་འགོག་ལེགས་བཅོས་ལས་གཞིར་སྔོན་རྩིས་སྤྱིའི་མ་དངུལ་ཁྲི ༣༠༢.༣ བཏང་། དེའི་ནང་དུ། ལས་གཞི་འགྲོ་གྲོན་ཁྲི ༢༨༡.༡༤ དང་། འགྲོ་གྲོན་གཞན་དག་ཁྲི ༢༡.༡༦ འདུས། ལས་གཞིའི་མ་དངུལ་ཆ་ཚང་ཀྲུང་དབྱང་སྔོན་རྩིས་ནང་གི་ཆེད་སྤྱོད་མ་དངུལ་ཡིན། ཡིན་ནའང་ཡུལ་ཤུལ་རྫོང་གི ༢༠༠༨ ལོའི་སྡོད་དམངས་ཐོན་སྐྱེད་སྤྱིའི་རིན་ཐང་ཧ་ལམ་སྒོར་དུང་ཕྱུར༤ ཡིན་ཞིང་། ཨ་བྲ་འགོག་བཅོས་ཀྱི་གྲོན་དངུལ་གྱིས་རྫོང་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་རིན་གོང་གི ༡% ཙམ་ཟིན།
   ཏག་ཏག་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་སྐབས་དང་པོ་ལག་བསྟར་བྱས་པའི་ལོ་དེ་ལ། མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་ལས་ཀྱི་ཁྲལ་མེད་པར་བཟོས། ཕྱུགས་ལས་ཞིང་ཆེན་ཡིན་པའི་མཚོ་སྔོན་ལ་མཚོན་ན ༢༠༠༢ ལོར་ཕྱུགས་ལས་ཀྱི་ཁྲལ་ཁོ་ན་མ་དངུལ་ཁྲི ༧༢༠༠ ལ་སླེབས་ཡོད་ཅིང་། དེ་ཆ་ཚང་རྫོང་ནོར་སྲིད་ཀྱིས་གཏོང་འཛིན་བྱེད་ཀྱི་ཡོད་ལ་ས་གནས་སྲིད་གཞུང་གི་ནོར་སྲིད་འབྱུང་ཁུངས་འགངས་ཆེ་བའི་གྲས་ཀྱི་གཅིག་ཡིན། ཕྱུགས་ལས་ཁྲལ་མེད་པར་བཏང་བས། མ་གཞི་ཕྱུག་པོ་མིན་པའི་ས་ཁུལ་གྱི་ནོར་སྲིད་དེ་བས་ཀྱང་སྐྱ་ཆད་སྔོ་སྡུག་གི་གནས་སུ་གྱར། ཀྲའོ་ཞང་གིས་དབྱེ་ཞིབ་བྱས་པ་ལྟར་ན། "ཁྲལ་བསྡུའི་རྗེས"ཀྱི་དུས་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གི་རེ་བ་ནི"ལམ་ལུགས་རང་བཞིན་གྱི་དབང་ཆ་བགོ"བའི་སྒྲོམ་གཞིའི་འོག་ཏུ་ལས་གཞིའི་ལམ་ལུགས་སྟབས་བདེ་ཁ་ཤས་ལ་བརྟེན་ཏེ། ཕྱོགས་གཅིག་ནས་ལས་གཞི་ཞིབ་མཆན་དང་དཔྱད་འཇོག་སྦྲེལ་ཐག་བྱས་ནས་ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ་རབ་དང་རིམ་པ་བསྐྱར་དུ་འཛུགས་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ལ་མ་དངུལ་གནང་སྟེ་ས་གནས་སྲིད་གཞུང་གི་ལས་ཀའི་གྲོན་དངུལ་ཐག་གཅོད་སྙིང་འདོད་པ་རེད། བྲ་གསོད་དང་ལྕགས་དྲ་སྐོར་བའི་སྐྱེ་ཁམས་ལས་གཞི་ཡང་སྐབས་འདི་དང་བསྟུན་ནས་བྱུང་བ་རེད།
   ཀྲའོ་ཞང་གིས་དྲང་པོར་སྨྲ་རྒྱུར། སྲིད་གཞུང་གིས་སྐྱེ་ཁམས་གནད་དོན་ཐག་གཅོད་པར་སྤྱིར"གོ་ལོག"གཉིས་འདུག་སྟེ། སྲུང་སྐྱོབ་བྱེད་ཐབས་སྟབས་བདེ་བ། གཏན་ཚིགས་འབྲེལ་བ་ཐད་ཀ་བ། འབྲས་བུ་མངོན་གསལ་པར་རེ་བ་ཡིན་མོད། དོན་ལ་རྩྭ་ས་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་མང་ལ་རྙོག་འཛིང་ཆེ་བས་གསལ་པོ་ཞིག་འགྲེལ་ཐབས་མེད་པ་རེད། རྐྱེན་འདིའི་དབང་གིས་ས་གནས་སྲིད་གཞུང་ལ་རིམ་པ་གོང་མའི་སྲིད་གཞུང་གི་སྲིད་ཇུས་རྒྱབ་སྐྱོར་ཆེན་པོ་མ་ཐོབ་པ་རེད།
དེ་བས། "ཨ་བྲ་མང་བས་རྩྭ་ས་སྡུག ཨབ་བྲ་བསད་པས་ཨབ་བྲ་ཉུང་། རྩྭ་ས་བཟང"བའི་རྩ་བ་དོར་ཏེ་ཡལ་གར་འཐམས་ཤིང་། གཏན་ཚིགས་སླ་མོ་ཆིག་རྐྱང་བ་འདིས། རྩྭ་ས་ཞན་འགྱུར་གྱི་རྒྱུ་མཚན་ཐད་ཀར་གསལ་པོར་བཤད་ཐུབ་ཅིང་། སྲུང་སྐྱོབ་ལས་ཀ་ཡང་གསལ་ཐག་ཆོད་ལ། གྲུབ་འབྲས་ཚད་ཐིག་སོགས་ཀྱང་འཇལ་སླ་བ་བཟོས་པ་རེད།
   ཀྲའོ་ཞང་གིས་བསམ་ཚུལ་ལ། ཨ་བྲ་རྩ་མེད་གཏོང་བའི་སྲིད་ཇུས་འདི་ཕྱོགས་མང་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གནད་དོན་འདི་ཐག་གཅོད་རྒྱུ་ཅུང་རྙོག་དྲ་ཆགས་པ་རེད། འདི་ལ་སྐྱེ་དངོས་སྲུང་སྐྱོབ་མཁས་པ་དང་དམངས་ཁྲོད་སྲུང་སྐྱོབ་སྡེ་ཚན། སྲིད་གཞུང་སྡེ་ཚན་བཅས་ཀྱིས་ལྷག་བསམ་དག་པའི་སྒོ་ནས་ཚན་རིག་དང་སྲིད་ཇུས་བར་གྱི་བཀག་རྒྱ་བསལ་ཏེ། ཐམས་ཅད་ཡིད་ཚིམས་པའི་ཐབས་བྱུས་ཤིག་འཐེན་དགོས་པར་འདོད།
   དམངས་ཁྲོད་ནས་ལྟ་ཚུལ་དེ་ལྟ་བུ་བསྟུད་མར་ཐོན་རྗེས། གཞུང་ཕྱོགས་གི་བྲ་གསོད་ཀྱི་གོམ་ཁའང་ཇེ་དལ་དུ་འགྲོ་བཞིན་ཡོད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིང་རྩྭ་ས་ཁྲུའུ་ཡི་ཁྲུའུ་ཀྲང(王孝发)ཡིས་དེ་སྔོན། གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་སྐོར་གཉིས་པ་ལག་བསྟར་བྱས་ཚུན་དུ། ཁྱད་ཆོས་ཤིག་ཡོད་པ་ནི་མཐོ་སྒང་གི་ཨ་བྲ"རྩ་རྫོགས"བྱེད་རྒྱུ་དེ་མ་ཡིན་པར། ཚན་རིག་གི་སྒོ་ནས་སྡོམ་རྩིས་དང་ཚད་བླངས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་གྲ་མ་ཆག་གྲུ་མ་ཉམས་པ་ཡོང་རྒྱུར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག