ཁ་སང་ཚེས ༡༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཀྲུང་གོའི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་ཨེ་ཤ་ཡ་ཁུལ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་དབུ་ཁྲིད་ཚོགས་འདུའི་ཐོག་གལ་ཆེའི་གཏམ་བཤད་སྤེལ་ཏེ་ཨ་རི་གཞུང་ནས་ཟླ་འདིའི་ཚེས ༡༢ ཉིན་ནས་བཟུང་སྟེ་ཀྲུང་གོའི་ཕྱི་བསྐྱོད་ལམ་ཡིག་སྲིད་ཇུས་ལ་བཅོས་བསྒྱུར་བྱ་རྒྱུ་ཡིན་འདུག དེ་ཡང་ཨ་རིར་བསྐྱོད་དེ་ཚོང་དོན་དང་ཡུལ་སྐོར་ལས་རིགས་ལ་ཞུགས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་གོ་ཆོད་དུས་ཡུན་ལོ་ངོ ༡༠ བར་རིང་དུ་གཏོང་རྒྱུ་དང་། ཨ་རིར་སློབ་གཉེར་དུ་ཡོང་བའི་ཀྲུང་གོའི་སྤྱི་དམངས་ཀྱི་ཕྱི་བསྐྱོད་ལམ་ཡིག་གོ་ཆོད་དུས་ཡུན་ལོ་ངོ ༥ བར་རིང་དུ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས།
ཚེས ༡༠ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་ཀྲུང་གོའི་ཕྱི་བསྐྱོད་ལམ་ཡིག་སྲིད་ཇུས་བཅོས་བསྒྱུར་སྐོར་གྱི་གཏམ་བཤད་སྤེལ་བ་དང་གནས་ཚུལ་དེའི་སྐོར་ལ་ཀྲུང་གོ་ཕྱོགས་ནས་ཉིན་དེ་གར་དཔྱད་གཏམ་སྤེལ་རྒྱུར། ཀྲུང་གོ་དང་ཨ་རིའི་བར་དུས་ཡུན་རིང་པོའི་མཛའ་བརྩེའི་གྲོས་མོལ་དང་ལྷག་དོན་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་ནས་ཕ་རོལ་པོའི་ཚོང་དོན་དང་ཕྱི་ཕྱོགས་སློབ་གཉེར་ལམ་ཡིག་སོགས་ཀྱི་སྲིད་ཇུས་ཐད་གྲོས་མོལ་གཅིག་མཐུན་བྱུང་བ་དང་དེས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནུས་ཤིང་ཕྱོགས་མང་པོའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་སྲིད་ཅེས་ཟེར།
ཨ་རི་གཞུང་ནས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། བཅོས་བསྒྱུར་བྱས་རྗེས་ཀྱི་ཕྱི་བསྐྱོད་ལམ་ཡིག་གི་སྲིད་ཇུས་ཀྱིས་ཀྲུང་གོ་དང་ཨ་རི་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་མ་རྩ་གཏོང་འཇོག ཕྱོགས་གཞན་པའི་ཚོང་དོན་མཉམ་ལས་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུ་དང་དེ་དོན་དམིགས་ཡུལ་ལ་གཞིགས་ཏེ་ཨ་རིས ༢༠༡༤ ལོའི་ཟླ ༡༡ ཚེས ༡༢ ཉིན་ནས་བཟུང་ཕྱི་བསྐྱོད་ལམ་ཡིག་གསར་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། དེ་བཞིན་ཨ་རིའི་སྤྱི་དམངས་ཀྲུང་གོར་འགྲོ་བསྐྱོད་ཀྱི་དོ་དམ་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་དང་དེས་ཨ་རིའི་མ་རྩ་ཕྱིར་འདྲེན་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཕན་ནུས་ཐོན་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་མཉམ་ལས་ཐོད་བརྒལ་ཐུབ་རྒྱུ་ཡིན་རབས་བརྗོད་ཡོད།
ཅེས་འགྲེལ་བརྗོད་བྱེད།
ཨ་རི་ཕྱོགས་ནས་ཁྱབ་བསྒྲགས་བྱས་པའི་སྡོམ་རྩིས་ལས་གསལ་བ་ལྟར་ན། ༢༠༡༣ ལོར་ཀྲུང་གོ་བ་ཁྱོན་ཁྲི ༡༨༠ ཨ་རིར་སླེབས་ཡོད་པ་དང་དེ་དག་གི་འགྲོ་གྲོན་ཨ་སྒོར་དུང་ཕྱུར ༢༡༡ གིས་ཨ་རིའི་་དཔལ་འབྱོར་ལ་ཁེ་འབབ་བསྐྲུན་ཡོད་པ་རེད། དེས་ཨ་རིའི་ལས་སྣེ་མི་གཅིག་པ་ཁྲི ༡༠.༩ ཁ་བསྣོན་ཐུབ་རྒྱུར་ཕན་པ་བསྐྲུན། སྔོན་དཔག་བྱས་པ་ལྟར་ན། ད་ཐེངས་ཀྱི་ལམ་ཡིག་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས ༢༠༢༡ བར་དུ་ཀྲུང་གོའི་ཡུལ་སྐོར་བ་ཁྲི ༧༣༠ ཨ་རིར་སླེབས་རྒྱུ་དང་ཨ་སྒོར་དུང་ཕྱུར ༨༥༠ གྱི་དཔལ་འབྱོར་ཁེ་འབབ་ཁ་སྣོན་ཐུབ་རྒྱུ། དེས་ཨ་རི་བའི་ལས་སྣེ་ཁྲི ༤༤ མང་དུ་འགྲོ་བར་ཆ་རྐྱེན་བསྐྲུན་རྒྱུ་རེད་ཟེར།
ཕྱི་བསྐྱོད་ལམ་ཡིག་ལ་གོ་ཆོད་ནུས་པ་ཡོད་པ་དང་ལོ་ན ༡༤ མན་དང་ ༨༠ ཡན་གྱི་སྤྱི་དམངས་ཡིན་ཕྱིན་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དུ་འབྲེལ་ཡོད་ཆོག་མཆན་ལེན་དུ་འགྲོ་ཆོག་ཟེར།(རྩོམ་འགན་པ། རྟ་མགྲིན)