ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ནུབ་ཕྱོགས་ཀྱི་ཁྲིམས་རིག་མཁས་ཅན་གྱིས་ཁྲིམས་སྐྱོང་ཇི་ལྟར་གླེང་ཚུལ་སྐོར་བཤད་པ།(༢)

2015-08-03 ཝེ་སེན(韦森)གྱིས་བརྩམས།
   ཏི་སའེ(Albert V. Dicey)ཡིས་གསུངས་པའི་ཁྲིམས་སྐྱོང་བའི་རྩ་བའི་རྒྱུ་གསུམ།

   ད་ནི Rule of Law དང Rule by Law གཉིས་འཆད་རྒྱུ་བྱ།   Rule by Law ནི་བཅའ་ཁྲིམས་ལ་བརྟེན་ནས་སྤྱི་ཚོགས་སྐྱོང་བ་ཡིན་ཞིང་།   དེས་བདག་དབང་འཛིན་མཁན་གང་དེ་ཁྲིམས་ལུགས་ལས་མཐོ་རུ་འཕགས་ཡོད་འདོད།   དེ་ཙམ་འགོར་ན་ངས་འདིའི་སྐོར་ལབ་རྒྱུ་ཡིན་ཏེ།   གནའ་བོའི་ཀེ་རི་སི་དང་ཕུ་ལ་ཐོ(Plato)ནས་ཨ་རི་སི་ཏོ་ཏལ(Aristotle)གྱི་བར་དུ་གནད་འདི་བརྩད་ནས་འོངས།    ཨ་རི་སི་ཏོ་ཏལ་ནས་བཟུང་མི་གཅིག་ཀྱང་བཅའ་ཁྲིམས་ལས་བརྒལ་མི་ཆོག་པར་འདོད།    ཡིན་ནའང་ཕུ་ལ་ཐོ་ཡིས་རྒྱལ་པོ་བཅའ་ཁྲིམས་ཀྱི་སྟེང་དུ་ཡོད་དགོས་པར་སྨྲ།   ང་ཚོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མགོ་བརྩམས་པ་ནས་ད་ལྟའི་བར་དུ་ཏང་སྔར་བཞིན་བཅའ་ཁྲིམས་ཀྱི་སྟེང་དུ་ཡོད་པས་ད་དུང་ཡང Rule of Law ཞེས་བྱ་བ་མིན།   ཚང་མས་ཤེས་གསལ་ལྟར་ཁྲིམས་སྐྱོང་གི་འདུ་ཤེས་དེ་འཛམ་གླིང་ཡོངས་ལ་ཁྱབ་པར་བྱེད་མཁན་གྱི་ཁྲིམས་ལུགས་རིག་པ་མཁས་ཅན་དེ་ནི་ཏི་སའེ་ཡིན་པ་རེད།   ཁོང་གིས་ཁྲིམས་སྐྱོང་བ་ལ་རྩ་བའི་རྒྱུ་གསུམ་ཡོད་ཟེར།       དང་པོ་ནི།   རྩ་དོན་ལ་ཕུགས་འདེད་མི་བྱེད་པ་སྟེ།   མི་སུའང་ད་དུང་བཟོས་མེད་པའི་ཁྲིམས་ལུགས་ཤིག་ལ་བརྟེན་ནས་ཁྲིམས་ཆད་ཕོག་མི་སྲིད་པའི་ཕྱིར་རོ།  །གཉིས་པ་ནི།  སོ་སྐྱེ་ཕོ་མོ་མ་ལུས་པ་ཚུད་པ་གང་དེ་དག་གི་སྤྱི་ཚོགས་ཀྱི་གནས་བབ་དང་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པ་ལ་འབྲེལ་བ་མེད་པར་མི་སུ་གཅིག་ཀྱང་ཁྲིམས་ཀྱི་གོང་དུ་འཕགས་པར་མི་རིགས།   གསུམ་པ་ནི།    ཁྲིམས་ར་ཡི་ཆོད་དོན་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་བའི་འཛིང་རགས་མཐའ་མ་དེ་ཡིན་པ་བཅས་སོ། །

   ཁྲིམས་སྐྱོང་གི་རྩ་དོན་བརྒྱད་ནི།   གོ་སླ་ལ་དཔག་ཐུབ་པ།   འདྲ་མཉམ་དང་དབང་ཆ་ཚད་ལས་མ་བརྒལ་བ།   འགྲོ་བ་མིའི་ཐོབ་ཐང་སྲུང་བ།    ཁྲིམས་འཛིན་གྱི་རོགས་སྐྱོར་གནང་བ།    གོ་རིམ་དྲང་བདེན་ཡིན་པ་སོགས་སོ། །

   2006 ལོར་ཞང་ཀང་དུ་དཔེ་སྐྲུན་བྱས་པའི《ཁྲིམས་སྐྱོང》ཞེས་པའི་དེབ་ཏུ་ཁྲིམས་སྐྱོང་བ་ལ་རྩ་དོན་བརྒྱད་དབྱེ་ཡོད།   དང་པོ་ནི།  བཅའ་ཁྲིམས་ཞེས་པ་འདི་ངེས་པར་དུ་བརྙེས་ཆོག་པའི་ཐོག་གང་ཐུབ་ཅི་ཐུབ་ཀྱིས་གོ་སླ་ལ་དཔག་ཐུབ་པ་ཞིག་དགོས།   རྒྱའི་གནའ་བོའི་སྐད་དུ་ཞེ་ས་ཚིག་རྒྱན་སོགས་མང་བས་ཁྲིམས་ལ་མི་རུང་།   རྩ་བའི་ཆ་ནས་རྒྱ་སྐད་ཀྱི་སྤྱི་སྐད་ཀྱིས་བཅའ་ཁྲིམས་གཏན་ལ་ཕབ་ན་གོ་བདེ་ལ་ཤེས་སླ།   གཉིས་པ་ནི།   བཅའ་ཁྲིམས་ཀྱི་འོས་འགན་གྱི་གནད་དོན་ནི།    སྤྱིར་བཏང་དུ་བཅའ་ཁྲིམས་སྤྱད་ནས་ཐག་གཅོད་དགོས་པ་ཞིག་ལས།   རང་དབང་གཅོད་འཇལ་གྱི་དབང་ཆ་སྤྱོད་པ་ཞིག་མིན།    ང་ཚོའི་ད་ལྟའི་གྱོད་དོན་མང་པོ་ཞིག་གི་དཔྱད་མཚམས་ལ་སྔར་བཞིན་རང་དབང་གཅོད་འཇལ་གྱི་དབང་ཆ་སྤྱོད་ཀྱི་ཡོད་པས།    དེ་ནི་ཁྲིམས་སྐྱོང་རྩ་དོན་དང་རྒྱབ་འགལ་དུ་གྱུར་ཡོད།   གསུམ་པ་ནི།   ཕྱིའི་ཁྱད་པར་ཐོག་ནས་དབྱེ་བ་འཛིན་པ་ལུགས་མཐུན་དུ་བསྒྲུབ་ནུས་པ་ཞིག་ཡིན་ན་མ་གཏོགས།   རྒྱལ་ཁབ་ཀྱི་བཅའ་ཁྲིམས་འདི་མི་ཐམས་ཅད་ལ་འདྲ་མཉམ་གྱི་སྒོ་ནས་སྤྱོད་དགོས།    བཞི་པ་ནི།    སྲིད་གཞུང་གི་དཔོན་རིགས་དག་གིས་ཁྲིམས་དང་མཐུན་པའི་དབང་ཆ་སྤྱོད་རྒྱུ་དང་།    ངེས་པར་དུ་ཁ་དན་ཚིག་གནས་དང་།   དྲང་གཞག་དགོས་པར་མ་ཟད།    དབང་ཆ་སྤྱོད་པའི་དམིགས་ཡུལ་ཡང་དག་པ་འགྲུབ་ཆེད་ཁོ་ན་ལས།    ཚུལ་མིན་དུ་སྤྱོད་མི་རུང་།   དབང་ཆའི་དབྱེ་མཚམས་ལས་ཀྱང་བརྒལ་མི་རིགས།    ལྔ་པ་ནི།    བཅའ་ཁྲིམས་ཀྱིས་ངེས་པར་དུ་འགྲོ་བ་མིའི་རྩ་བའི་ཐོབ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་ཁག་ཐེག་བྱ་དགོས།    དྲུག་པ་ནི།    ངེས་པར་དུ་དོ་བདག་རང་ཉིད་ཀྱིས་ཐག་གཅོད་བྱེད་མི་ཐུབ་པའི་དམངས་དོན་རྩོད་གཞི་ལ་ཐག་གཅོད་ཐབས་མཁོ་འདོན་བྱེད་དགོས་པར་མ་ཟད།   རིན་གོང་ཤིན་ཏུ་མཐོ་དྲགས་ནས་སྤྲོད་དཀའ་བ་ཞིག་ཡིན་མི་རུང་བའམ།   ཡང་ན་ཕྱིར་འགྱངས་ཡུན་རིང་ལ་བྱ་མི་ཆོག   བདུན་པ་ནི།    རྒྱལ་ཁབ་ཀྱིས་ཁྲིམས་ཐག་གཅོད་པའི་གོ་རིམ་ནི་དྲང་པོ་དྲང་གཞག་ཅིག་ཡིན་པ་གསལ་པོར་སྒྲོག་དགོས།   བརྒྱད་པ་ནི།    ཁྲིམས་སྐྱོང་བ་ལ།   རྒྱལ་ཁབ་གང་དེས་རྒྱལ་ནང་གི་བཅའ་ཁྲིམས་འགལ་མེད་དུ་རྩི་དགོས་པ་ནང་བཞིན།   རྒྱལ་སྤྱིའི་བཅའ་ཁྲིམས་ནང་གི་འོས་འགན་ལ་བརྩི་སྲུང་ལྷོད་མེད་ཞུ་དགོས།   འདི་ནི་ཁྲིམས་སྐྱོང་གི་རྩ་བའི་ལྟ་བ་ཡིན།

   ཁྲིམས་སྐྱོང་གི་འཕེལ་རིམ་དེ།   གནའ་བོའི་ཀེ་རི་སི་ནས་བཟུང་དབང་བསྒྱུར་མཁན་བཅའ་ཁྲིམས་ལས་བརྒལ་བ་འགོག་མགོ་བརྩམས་ཡོད།

   གཤམ་ལ།   ངས་ཚང་མར་ཁྲིམས་སྐྱོང་གི་ལྟ་བའི་འཕེལ་རིམ་སྐོར་གླེང་རྒྱུ་ཡིན།   ཁྲིམས་སྐྱོང་ཞེས་པའི་ཚིག་འདི་དང་ཐོག་འཛམ་གླིང་ཡོངས་སུ་ཁྱབ་གདལ་དུ་སོང་བའི་ལོ་རྒྱུས་ལ་རྒྱུ་མ་ཕུ་འདེད་བྱས་ན་དུས་རབས16པའི་དབྱིན་ཇི་རུ་འདེད་ཆོག    ཁྲིམས་སྐྱོང་གི་རྩ་བའི་རྩ་དོན་དག་དབྱིན་ཇི་རུ་གཏན་འཁེལ་བྱས་པ་ཡིན་ནའང་།    ཁྲིམས་སྐྱོང་གི་རྩ་བའི་ལྟ་བའི་འབྱུང་ཁུངས་ནི་དེ་བས་ཀྱང་རྒྱང་ཐག་རིང་པོར་ཕུགས་འདེད་རུང་སྟེ།    དཔེར་ན་ཨ་རི་སི་ཏོ་ཏལ་གྱིས་དེའི་ཐད་ལ་འདི་ལྟར་གསུངས་ཡོད།    དང་པོ་ནི།    བཅའ་ཁྲིམས་ཀྱིས་དབང་བསྒྱུར་བ་ལས་མིས་དབང་སྒྱུར་པ་ནི་མ་ཡིན་ནོ།  །གཉིས་པ་ནི།   ཁྲིམས་འཛུགས་མཁན་རང་ཉིད་ཐེ་བའི་སྤྱི་དམངས་ཐམས་ཅད་འདྲ་མཉམ་ངང་བཅའ་ཁྲིམས་ཀྱི་དབང་དུ་ཚུད་དགོས་སོ། །ད་ལྟ་ང་ཚོས་ཤོད་ཀྱིན་པའི་ཁྲིམས་སྐྱོང་གི་གསལ་འགྲེལ་འདི་ཕུ་ལ་ཐོ་དང་ཐག་ཉེ་པོ་ཡོད།   ཁོང་གིས《ཁྲིམས་ཀྱི་རབ་བྱེད》དུ།    རྩ་བའི་ཆ་ནས་རྒྱལ་པོའི་ལུགས་དང་མཐུན་པ་ཞིག་གིས་ནི་བཅའ་ཁྲིམས་ཀྱི་སྟེང་ནས་དབང་བསྒྱུར་འོས་ཞེས་པའི་ལྟ་བ་བཏོན་ཡོད།    སྤྱིར་ན་རྒྱལ་པོ་གང་དེ་བཅའ་ཁྲིམས་ཀྱི་སྟེང་དུ་ཡོད་ནའང་།    ཕུ་ལ་ཐོ་ཡིས་སྔར་བཞིན་ཁྲིམས་སྐྱོང་བའི་རྒྱལ་ཁབ་ཅིག་འཛུགས་རྒྱུར་དགའ་པོ་ཡོད།   ཁྲིམས་སྐྱོང་གི་རྒྱལ་ཁབ་དེ་རུ་བཅའ་ཁྲིམས་གོང་དུ་བཀུར་བའི་སྲིད་གཞུང་ཞིག་ཡོད་པ་དང་།    དབང་སྒྱུར་པ་དང་མི་སེར་ཚང་མས་བཅའ་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པ་དང་།    དེ་ལ་བརྟེན་ནས་རྒྱལ་ཁབ་ཧྲིལ་པོ་བཅའ་ཁྲིམས་ཀྱིས་དབང་སྒྱུར་པ་ལས།     སྒེར་གཅོད་བཙན་དབང་གིས་དབང་སྒྱུར་པ་ནི་མིན།     ཕུ་ལ་ཐོ་ཡིས《སྤྲིངས་ཡིག་བདུན་པ》ཞེས་པར།    ཐལ་ཆེ་བའི་ལྟོས་མེད་ཀྱི་དབང་ཆ་ནི་དབང་ཆ་དེ་སྤྱོད་མཁན་དང་སྤྱོད་ཡུལ།   མི་རབས་དང་དེའི་བུ་རབས་ཚ་རྒྱུད་བཅས་གང་ལའང་ངན་པ་དུག་གི་ས་བོན་ལྟ་བུ་འབའ་ཞིག་ཡིན།    རེ་ངན་འདི་རིགས་རྣམ་པ་ཇི་ལྟ་བུའི་སྒོ་ནས་བྱས་ནའང་མཐར་ཐུག་སྡུག་བསྔལ་བ་མནར་གཅོད་ཀྱི་རྒྱུ་ལས་མ་འདས།    ཕུ་ལ་ཐོ་ཡིས《ཁྲིམས་ཀྱི་རབ་བྱེད》དུ་ད་དུང་ཚིག་གཅིག་བཤད་ཡོད།   ཁོང་ན་རེ།    བཅའ་ཁྲིམས་ལ་རང་ཉིད་ཀྱི་དབང་གྲགས་དང་སྟོབས་ཤུགས་མེད་པར།   དབང་གྲགས་གཞན་དག་གི་གཡོག་ཏུ་གྱུར་ཡོད་དུས།   སྲིད་གཞུང་གང་དེའང་མགྱོགས་མྱུར་ངང་འཐོར་འགྲོ་ངེས།    དེ་ལས་ལྡོག་སྟེ།    གལ་ཏེ་བཅའ་ཁྲིམས་ནི་སྲིད་གཞུང་གི་བདག་པོར་གྱུར།     སྲིད་གཞུང་ནི་བཅའ་ཁྲིམས་ཀྱི་ཞབས་ཕྱི་རུ་འགྱུར་དུས།     སྲིད་གཞུང་གིས་ད་གཟོད་རང་གི་འོས་འགན་ལག་ལེན་དུ་གདབ་ངེས་ཤིང་།    འགྲོ་བ་མིའི་རིགས་ཀྱིས་ཀྱང་གཞི་ནས་དཀོན་མཆོག་གིས་རྒྱལ་ཁབ་ལ་གནང་བའི་དགའ་བདེ་ཐམས་ཅད་ལོངས་སུ་སྤྱོད་ཐུབ།

   གཞན་ཨ་རི་སི་ཏོ་ཏལ་གྱིས།   བཅའ་ཁྲིམས་ལས་བརྒལ་བའི་རྒྱལ་པོའི་དབང་ཆ་ལ་དགག་པ་ཚ་ནན་བརྒྱབ་ནས།   ཀུན་གྱི་གཙུག་ཏུ་བཀུར་བའི་དབང་སྒྱུར་མཁན་དེ་ཉིད་བཅའ་ཁྲིམས་ཀྱིའང་སྟེང་དུ་འགོད་པ་དང་།   བཅའ་ཁྲིམས་ཀྱིས་དེ་ལ་ཞབས་ཞུ་བྱེད་པ་ནི་གཏན་ནས་མི་རིགས་པར་གསུངས་ཡོད།   ཨ་རི་སི་ཏོ་ཏལ་གྱིས་བཅའ་ཁྲིམས་ཀྱིས་དབང་བསྒྱུར་བ་ནི་མི་གཅིག་རྐྱང་བ་སུ་ཞིག་གིས་དབང་སྒྱུར་བ་ལས་ཀྱང་གནས་ལུགས་དང་འཚམ་པར་འདོད།   ཁོང་གིས་ཁྲིམས་སྐྱོང་བ་ལ་མཚན་ཉིད་ལེགས་བཤད་དུ་རྩི་རུང་བ་འགའ་བཀོད་ཡོད།   གཅིག་ཏུ།   གཏན་ལ་ཕབ་ཟིན་པའི་བཅའ་ཁྲིམས་སྤྱི་ཁྱབ་ཀྱིས་ཁས་ལེན་པ།     གཉིས་སུ།    སྤྱི་ཁྱབ་ཀྱིས་ཁས་ལེན་པའི་བཅའ་ཁྲིམས་དེ་རང་ཉིད་ཀྱང་ལེགས་པར་གཏན་ལ་ཕབ་པའི་ཁྲིམས་ཤིག་ཡིན་དགོས།   དེ་ཡང་དྲང་བདེན་མིན་པའི་དབང་ཆ་ནི་དབང་ཆ་མ་ཡིན་ལ།     ཁྲིམས་ངན་པ་ནི་ཁྲིམས་སུ་མི་རུང་བས།   དོན་ལ་བཅའ་ཁྲིམས་ཞེས་པ་འདི་ཁྲིམས་བཟང་པོའམ་ལེགས་པའི་ཁྲིམས་ཡིན་དགོས།   འདི་ནི་ཁྲིམས་སྐྱོང་ལ་བཞག་པའི་མཚན་ཉིད་རྨ་མེད་པ་ཞིག་རེད།   ང་ཚོས་ཤེས་གསལ་ལྟར་དབང་གསུམ་དབྱེ་འཛུགས་ཀྱི་བསམ་བློ་དེ་མོན་ཊེ་སི་ཀེའུ(Montesquieu,1689–1755)ཡིས་ཐོག་མར་བཏོན་པ་ཡིན་མོད།   དོན་ལ་ཨ་རི་སི་ཏོ་ཏལ་གྱིས་སྔ་མོ་ཉིད་ནས་དབང་གསུམ་དབྱེ་འཛུགས་ཀྱི་དགོངས་པ་བཏོན་ཡོད།      དེར་མ་ཟད་ཨ་རི་སི་ཏོ་ཏལ་གྱིས་ཕྱིས་སུ་ཧ་ཡེག་གམ་མིལ(John Stuart Mill, 1806–1873)གྱིས་བཏོན་པའི་ལྟ་བ་སྟེ།  བཅའ་ཁྲིམས་རྩི་བ་ནི་བྲན་དུ་བཀོལ་བ་མ་ཡིན་པར་སྐྱོབ་པ་ཞིག་ཏུ་རྩི་དགོས་པ་དང་།    བཅའ་ཁྲིམས་ཡོད་པས་གཞི་ནས་རང་དབང་ཡོད་ཅེས་པའི་ལྟ་བ་དེ་སྔར་ནས་བཏོན་ཡོད།    ལྟ་བ་འདི་དག་ནི་ཧ་ཡེག་གིས《བྲན་ལ་ཕྱོགས་པའི་ལམ》དང《རང་དབང་གི་རྩ་ཁྲིམས》སུ་ཡང་དང་ཡང་དུ་བརྗོད་པའི་ལྟ་བ་ཡིན།    ཁྲིམས་སྐྱོང་བའི་ཚེ་ན་ད་གཟོད་རང་དབང་ཡོད།   ཁྲིམས་སྐྱོང་མེད་ན་རང་དབང་མེད།    ཁྲིམས་སྐྱོང་བ་དང་རང་དབང་གཉིས་ནི་དངུལ་སྒོར་གཅིག་གི་ངོས་གཉིས་སུ་གྲུབ་ཡོད།    ལྟ་བ་འདི་འབྱུང་སའི་ཁུངས་ནི་ཨ་རི་སི་ཏོ་ཏལ་ཡིན།

   རང་བྱུང་གི་ཁྲིམས་ཀྱི་ལྟ་བ་ནི།    དཔོན་རིགས་ནི་སྐད་ཆ་བཤད་ཐུབ་པའི་ཁྲིམས་དང་།   ཁྲིམས་ནི་སྨྲ་བ་མེད་པའི་དཔོན་པོའོ། །

   ཚང་མས་མཁྱེན་གསལ་ལྟར།    རོ་མ་སྤྱི་མཐུན་རྒྱལ་ཁབ(SENATVS POPVLVSQVE ROMANVS)ཀྱི་དུས་སུ།      སི་སེ་རོ(Marcus Tullius Cicero, སྤྱི་ལོ་སྔོན106–སྤྱི་ལོ་སྔོན43)ཡིས་དབང་གསུམ་དབྱེ་འཛུགས་ཀྱི་དགོངས་པ་བཏོན།    ཁོང་གིས་རང་བྱུང་གི་རིགས་པ་དང་རང་བྱུང་གི་ཁྲིམས་ལ་གཞི་བཅོལ་ནས་མི་ཚང་མ་རང་བཞིན་གྱིས་འདྲ་མཉམ་ཡིན་པའི་ལྟ་བ་སྨྲས་ཡོད།    ཡང་ཀུན་གྱིས་ཤེས་གསལ་ལྟར།   རང་བྱུང་གི་ཁྲིམས་ལ་ཕྱོགས་གཉིས་ཡོད་པར།   གཅིག་ནི་མིའི་མྱོང་བ་ལས་འདས་པའི་ངོས་ནས་བྱུང་བ་དང་།     ཅིག་ཤོས་ནི་གི་རོ་ཋིའུ་སི(Hugo Grotius, 1583–1645)ཡིས་བཏོན་པ་སྟེ།    བཅའ་ཁྲིམས་ནི་མི་རང་ཉིད་ལས་བྱུང་བར་འདོད་པའི་ལྟ་བའོ།   །སི་སེ་རོས་རང་བྱུང་གི་རིགས་པ་དང་རང་བྱུང་གི་ཁྲིམས་ལ་གཞི་བཅོལ་ནས་མི་ཚང་མ་རང་བཞིན་གྱིས་འདྲ་མཉམ་ཡིན་པའི་ལྟ་བ་འཆང་།   མི་ཐམས་ཅད་སྐྱེས་པ་ཉིད་ནས་འདྲ་མཉམ་ཡིན་པ་དེ་ལས་གཤམ་གྱི་ཁྲིམས་སྐྱོང་གི་ལྟ་བ་འདི་དག་སླེབས་ཡོང་གི་ཡོད།   བཅའ་ཁྲིམས་ཀྱིས་དཔོན་རིགས་ལ་དབང་བསྒྱུར།   དཔོན་རིགས་ཀྱིས་མི་དམངས་ལ་དབང་བསྒྱུར།    དཔོན་རིགས་ནི་སྐད་ཆ་བཤད་ཐུབ་པའི་ཁྲིམས་དང་།    ཁྲིམས་ནི་སྨྲ་བ་མེད་པའི་དཔོན་པའོ།  །གནས་ལུགས་འདི་ལེགས་པར་གྲུབ་ཚེ་རྒྱལ་ཁབ་གང་དེ་རྩ་བའི་ཆ་ནས་ཁྲིམས་སྐྱོང་གི་ལུགས་སུ་ཞུགས་ཟིན་པ་ཡིན།   དེར་བརྟེན།    སི་སེ་རོ་ཡིས་སྲིད་གཞུང་གི་དབང་ཆ་ནི་བཅའ་ཁྲིམས་ལ་བསྟུན་ནས་མི་སྐྱོང་ལས་ཁྲིམས་སྐྱོང་ལག་ལེན་ཏུ་འདེབས་རྒྱུ་དེ་ཡིན།    བཅའ་ཁྲིམས་ནི་དབང་གྲགས་མཐའ་དག་ལས་མཐོ་བའི་དབང་ཆེན་ཞིག་ཡིན་པ་དང་།    མི་ཐམས་ཅད་བཅའ་ཁྲིམས་ཀྱི་ཞབས་ཕྱི་ཡིན།    ང་ཚོ་ནི་བཅའ་ཁྲིམས་ཀྱི་ཞབས་ཕྱི་ཡིན་པར་བརྟེན་ནས་ང་ཚོར་རང་དབང་འཐོབ་ཡོང་གི་ཡོད་ཅེས་གསུངས།     འདི་ཡང་ལེགས་བཤད་རྨ་མེད་པ་ཞིག་རེད།

   ལོ་ཁེ(John Locke, 1632–1704)ན་རེ།     ཁྲིམས་སྐྱོང་ནི་དགེ་བ་སྐྱོང་ཆེད་དང་།   རང་དབང་བསྲུངས་ནས་རྒྱ་ཆེ་རུ་བསྐྱེད་པའི་ཕྱིར་རོ། །

   དེའི་རྗེས་སུ་ལོ་ཁེ་ཡིས་དེང་རབས་ཀྱི་ཆབ་སྲིད་ལ་རྨང་གཞི་བཏིང་།     ཁོང་གིས་ཁྲིམས་སྐྱོང་བའི་སྲོག་ཤིང་ནི་དབང་ཆར་ཚོད་བཟུང་ནས་དགེ་བ་སྐྱོང་བའི་དམིགས་ཡུལ་འགྲུབ་རྒྱུ་ཡིན་ཟེར།  ཁོང་ན་རེ།    སྲིད་གཞུང་གི་དབང་ཆ་ཞེས་བྱ་བ་དེ་ནི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་ཡིན་པ་ལས།   སྒེར་གཅོད་དང་འཕྲལ་གྱི་དགའ་བ་ཙམ་གྱི་ཕྱིར་ཁྱོན་ནས་མིན་པར།    གཏན་ལ་ཕབ་ནས་སྤྱི་ལ་ཁྱབ་པར་བསྒྲགས་ཡོད་པའི་བཅའ་ཁྲིམས་ལ་གཞིགས་ནས་ལག་ཏུ་བསྟར་དགོས།    དེ་འདྲ་བྱས་ན་ཕྱོགས་གཅིག་ནས་མི་དམངས་ཀྱིས་ཁོ་ཚོའི་འགན་འཁྲི་ཤེས་པར་མ་ཟད།    བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ནས་རང་གི་བདེ་འཇགས་དང་ཁག་ཐེག་བྱ་ཐུབ།    ཕྱོགས་གཞན་ཞིག་ནས་དབང་བསྒྱུར་མཁན་དག་ཀྱང་ཁོ་ཚོའི་འོས་འཚམ་གྱི་ཁྱབ་ཁོངས་སུ་བཅུན་ནས།   ཁོ་ཚོ་ལ་ཡོད་པའི་དབང་ཆས་བསླུ་བྲིད་བཏང་ནས་ཁོ་ཚོར་རྒྱུས་མངའ་མེད་པའམ་ཡང་ན་ཁས་ལེན་མི་འདོད་པའི་ཐབས་ལ་བརྟེན་ནས་དབང་ཆ་སྤྱད་དེ་གོང་གི་དམིགས་ཡུལ་མི་རུང་བ་སྣ་ཚོགས་སྒྲུབ་པ་ལ་སྔོན་འགོག་བྱ་ཐུབ།ལོ་ཁེ་ཡི་ལྟ་བ་ནི་ཧ་ཡེག་གི་ཁྲིམས་སྐྱོང་གི་བསམ་བློའི་ཁུངས་སུ་གྱུར།   ཧ་ཡེག་ན་རེ།   བཅའ་ཁྲིམས་ཀྱི་དམིགས་ཡུལ་ནི་རང་དབང་མེད་པར་བཟོ་བ་དང་དེ་ལ་ཚོད་འཛིན་པ་མེད་པར།   རང་དབང་བསྲུངས་ནས་རྒྱ་ཆེ་རུ་བསྐྱེད་པ་དེ་ཡིན།    གང་ལགས་ཤེ་ན།   བཅའ་ཁྲིམས་ཀྱིས་ཚོད་འཛིན་པའི་འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ཡོད་ཚད་དུ།    གང་དུ་བཅའ་ཁྲིམས་མེད་པའི་གནས་དེ་རུ་རང་དབང་མེད།   དེའི་རྒྱུ་མཚན་ནི་རང་དབང་ཞེས་བྱ་བ་ནི་ཕ་རོལ་པོའི་ཚོད་འཛིན་དང་བརྙས་བཅོས་མི་ཐེབས་པ་ཞིག་ཡིན།   དེའི་ཕྱིར་གང་དུ་བཅའ་ཁྲིམས་མེད་པའི་གནས་དེ་རུ་རང་དབང་མེད།    དེ་ནི་ལོ་ཁེ་ཡི་བསམ་བློའི་སྲོག་ཤིང་ཡིན།   ཏག་ཏག་རྒྱུ་མཚན་དེའི་ཕྱིར་ཧ་ཡེག་གིས་ཚིག་འདི་དྲངས་ཡོད།    ཁོང་ན་རེ།   ཁྲིམས་སྐྱོང་ཞེས་བྱ་བ་ནི་སྒེར་གཅོད་ཀྱི་དབང་ཆའི་ཤུགས་རྐྱེན་ལས་ཡོངས་སུ་ལྡོག་པའི།   ལུགས་མཐུན་བཅའ་ཁྲིམས་ཀྱི་བལྟོས་པ་མེད་པའམ་ཡང་ན་དབང་ཆ་མཐའ་དག་ལས་ཆེ་བའི་དབང་ཆ།   གང་དེས་སྲིད་གཞུང་གིས་དབང་ཆ་སྒེར་གཅོད་བྱེད་པ་དང་།   ཁྱད་པར་དུ་དམིགས་བསལ་གྱི་དབང་ཆ་དང་རང་དབང་ཆེ་དྲགས་པའི་དབང་ཆ་བཅས་འབྱུང་བ་འགོག་པར་བྱེད་པ་ཞིག་ཡིན་ནོ། །(མུ་འགོད)
འབྲེལ་ཡོད་རྩོམ་ཡིག