ད་ལོ་ནི་དབྱིན་ཇིའི་རྩ་འཛིན་ཆེན་པོ་ལ་མིང་རྟགས་བཀོད་ནས་ལོ800འགོར་བའི་ལོ་ཡིན། ཝེ་སེན་གྱིས་གནམ་སྐྱོང་དཔལ་འབྱོར་ཞིབ་འཇུག་ཁང་དུ་ནུབ་ཕྱོགས་ཀྱི་ཁྲིམས་རིག་པའི་མཁས་པ་རྣམས་ཀྱིས་ཁྲིམས་སྐྱོང་ཇི་ལྟར་གླེང་སྟངས་གསལ་བཤད་དང་གོ་བ་ལེན་ཚུལ་རྒྱས་བཤད་གནང་ཞིང་། ཁྲིམས་སྐྱོང་གི་ཚད་གཞི་ལ་བརྡར་ཤ་གཅོད་སྟངས་ཕྱོགས་བསྡུས་བྱས། དཔེར་ན་བཅའ་ཁྲིམས་ལ་སྔོན་དཔག་བྱ་ཆོག་པ། ཁྲིམས་འཛིན་པའི་རང་ཚུགས་དང་ཁྲིམས་རྩོད་པའི་རང་དབང་། ཁྲིམས་འཛུགས་མཁན་ཏེ་སྲིད་སྐྱོང་ཏང་ཡང་བཅའ་ཁྲིམས་ཀྱི་འོག་ཏུ་གནས་དགོས་པ་བཅས་གླེང་བར་མ་ཟད་ཁྲིམས་སྐྱོང་གི་རྩ་དོན་བརྒྱད་ཀྱང་དྲངས་ཡོད། རྩོམ་ཡིག་དེར་ཁྲིམས་ཀྱིས་སྐྱོང་རྒྱུ་ནི་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་དང་། སྤྱི་ཚོགས་ཀྱི་གནས་སྟངས་ཤིག དགོས་ངེས་ཀྱི་རྩ་དོན་རབ་དང་རིམ་པ་ཞིག་ཡིན་པར་གསུངས་ཡོད། ཁོང་གིས་དབང་སྒྱུར་མཁན་ལ་སེམས་སུ་འཛིན་དགོས་པའི་སྐད་ཆ་ཚིག་གསུམ་གསལ་ཁ་བཏོན་ཏེ་བཤད་ཡོད་པ་ནི། དབང་ཆ་ཡོད་མཁན་ཐམས་ཀྱིས་དབང་ཆ་གང་བྱུང་དུ་སྤྱོད་སླ་བ་དང་གཅིག དབང་ཆ་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དེ་བས་མང་བ་འཐོབ་འདོད་པ་དང་གཉིས། དབང་ཆ་ཚད་ལས་འདས་པ་ཐམས་ཅད་ཁྲིམས་དང་མཐུན་པ་ཞིག་ཡིན་མི་སྲིད་པ་དང་གསུམ་བཅས་སོ། །
ཝེ་སེན་ལགས་ནི་ཧྥུའུ་ཏན་སློབ་ཆེན་གྱི་དཔལ་འབྱོར་གྱི་བསམ་བློ་དང་དཔལ་འབྱོར་གྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཡིན། ཁོང་གིས་ལོ་མང་པོའི་རིང་ཧྥུའུ་ཏན་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལས་གནས་ཁུར། ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་ལམ་ལུགས་ཀྱི་དཔལ་འབྱོར་རིག་པ་དང་ལམ་ལུགས་གཤིབ་བསྡུར་གྱིས་དབྱེ་ཞིབ་བྱེད་པ་དེ་རེད།
གཤམ་དུ་འཁོད་པ་ནི་ཝེ་སེན་གྱི་གཏམ་བཤད་གནད་བསྡུས་ཡིན།
ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྔོན་ལ་ཚང་མས་ཁྲིམས་སྐྱོང་མངོན་དུ་འགྱུར་བ་ལ་རེ་སྒུག་ཧ་ཅང་ཆེན་པོ་བྱས་མོད། རྗེས་སུ་ཁྲིམས་ལུགས་པའི་སྡེ་ཧྲིལ་པོའི་ཡིད་ཤིན་ཏུ་ཕམ་ནས་ཚང་མ་ཁ་མི་གྲག་པར་གྱུར། བདག་གིས་བལྟས་ན་འགག་རྩ་ནི་ཁྲིམས་སྐྱོང་གི་ལྟ་བ་རེད་སྙམ། དེ་ཡང་ཏང་དང་ཁྲིམས་སྐྱོང་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱ་རྒྱུ་ལ་རག་ལས། གལ་ཏེ་ཏང་གིས་བཅའ་ཁྲིམས་རྐུབ་འོག་ཏུ་བཅུག་ནས་བསྡད་ན་ཁྲིམས་སྐྱོང་ཟེར་བ་གླེང་ཐབས་མེད།
སྲིད་གཞུང་གིས་ཁྲིམས་བསྲུངས་རྗེས་ད་གཟོད་སྤྱི་ཚོགས་ལ་དོ་དམ་བྱ་དགོས།
ཐོ་ཁེ་ཝེ་ལེ(Tocqueville, 1805–1859)ཡིས་བཤད་དོན། “འདས་པའི་དུས་ཀྱིས་འབྱུང་འགྱུར་གསལ་བར་མ་བྱས་ཚེ། །མི་སེམས་ཉིད་ནི་མ་རིག་སྨག་ཏུ་འགྲོ་བར་བྱེད། །”ཅེས་དང་། ཧ་ཡེག(Hayek,1899–1992)གི་གསུང་དག་ལས་ཆེས་རབ་ཏུ་གྱུར་པའི་ཚིག་གཅིག་ནི་འདི་ལྟ་སྟེ། “ཞིབ་ཆ་གཅིག་ཀྱང་མི་སྨྲ་བར་ལོགས་སུ་བསྐྱུར་ཏེ། ཁྲིམས་སྐྱོང་གི་གོ་དོན་སྨྲས་ན་ནི། སྲིད་གཞུང་གི་བྱ་སྤྱོད་མཐའ་དག་སྔོན་ལ་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ལམ་སྲོལ་གྱིས་གཅུན་ནས་དེ་ལས་འགལ་མི་ཆོག་ཅིང་། སྒྲིག་སྲོལ་དེ་རིགས་ལ་བརྟེན་ནས་མི་སྒེར་ཡོད་ཚད་ཀྱིས་གནས་ཚུལ་ག་གེ་མོ་ཞིག་ལ་སྔོན་དཔག་གིས་སྐབས་དེ་ལྟ་བུར་རང་གི་དབང་ཆ་ཇི་ལྟར་བེད་སྤྱོད་དགོས་པ་ཤེས་ཤིང་། སྔོན་དཔག་ལ་གཞིགས་ནས་རང་གི་ལས་ཀ་ལ་འཆར་གཞི་དགོད་ཆོག་པ་ཞིག་ཡིན།”
ང་ཚོ་ཚང་མས་མཁྱེན་གསལ་ལྟར་ཁྲིམས་སྐྱོང་གི་འདུ་ཤེས་ལ་འགྲེལ་བཤད་ཅི་ཡང་མི་དགོས། ཁྲིམས་སྐྱོང་ལ་དབྱིན་ཡིག་ཏུ Rule of Law ཞེས་འབོད་པར། ཁྲིམས་སྐྱོང་གི་རྩ་དོན་ཞིག་ཏུ་མ་ཟད་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཀྱང་ཡིན་དགོས་པར་བཤད་ཡོད། བཅའ་ཁྲིམས་ནི་ཆོས་ཐམས་ཅད་ལས་བརྒལ་བ་ཞིག་སྟེ། སྲིད་གཞུང་གི་སྒྲིག་གཞི་དང་། བཅའ་ཁྲིམས་བཟོ་བ་པོ་དང་ལག་བསྟར་བྱེད་མཁན་སོགས་འདུས་པའི་མི་ཐམས་ཅད་ཀྱིས་ངེས་པར་དུ་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། མིའམ་ལས་ཁུངས་སུ་གང་ཡང་བཅའ་ཁྲིམས་ལས་བརྒལ་ཆོག་གི་མེད། སྲིད་གཞུང་དང་ལྷག་པར་དུ་གཞུང་སྲིད་ལས་ཁུངས་ཀྱི་བྱ་བྱེད་ནི་ངེས་པར་དུ་བཅའ་ཁྲིམས་ཀྱིས་ཆོག་མཆན་ཐོབ་པ་ཞིག་དགོས། བཅའ་ཁྲིམས་འདི་དག་ཁྲིམས་བཟོའི་གོ་རིམ་ཁྱད་པར་བ་བརྒྱུད་ནས་བྱུང་བ་ཡིན་ཞིང་། ཁྲིམས་ཀྱིས་གཏན་ཁེལ་བ་ཐམས་ཅད་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་དགོས། ཁྲིམས་ལྟར་སྲིད་གཞུང་འཛུགས་པའང་བཅའ་ཁྲིམས་ཀྱི་རྩ་དོན་ཞིག་ཡིན་པས། བཅའ་ཁྲིམས་ཀྱིས་རྒྱལ་ཁབ་ཧྲིལ་པོ་ལ་དབང་བསྒྱུར་ནས། དཔོན་རིགས་སྒེར་གྱི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱ་དགོས། ཧ་ཡེག་གིས་བཤད་རྒྱུ་ནི་སྲིད་གཞུང་གིས་སྔོན་ལ་ཁྲིམས་བསྲུངས་པ་དང་། དེའི་རྗེས་ལ་གཞི་ནས་བཅའ་ཁྲིམས་ལ་བརྟེན་ཏེ་སྤྱི་ཚོགས་ལ་དོ་དམ་གནང་དགོས་པ་དེ་ཡིན། དེ་ནི་ཧ་ཡེག་གིས་ལེགས་པའི་མཐར་རྩི་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཉིད་དོ། །
ལྡེ་ལེའི་ཁྲིམས་སྐྱོང་གི་སྒྲིག་སྲོལ་གསུམ།
1959ལོར་ལྡེ་ལེ་རུ་བསྡུས་པའི་ཁྲིམས་ལུགས་རིག་པའི་གྲོས་ཚོགས་སུ་ཁྲིམས་སྐྱོང་ལ་སྒྲིག་སྲོལ་རྩ་དོན་གསུམ་གཏན་ལ་ཕབ། དང་པོ་ནི། ཁྲིམས་སྐྱོང་གི་རྩ་དོན་ལ་གཞིགས་ཚེ་ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་ནི་མི་རེ་རེས་རང་ཉིད་མི་ཞིག་ཡིན་པའི་ཆ་རྐྱེན་སྣ་ཚོགས་ལ་སྲུང་སྐྱོབ་ཐུབ་པ་ལ་གསར་ལས་དང་ཉམས་གསོ་བྱ་རྒྱུ་དེ་ཡིན། གཉིས་པ་ནི། ཁྲིམས་སྐྱོང་གི་རྩ་དོན་གྱིས་སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱོད་པ་འགོག་པར་བཅའ་ཁྲིམས་ཀྱིས་འགན་སྲུང་འདོན་དགོས་པར་མ་ཟད། ད་དུང་སྲིད་གཞུང་གིས་བཅའ་ཁྲིམས་དང་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱེད་ཐུབ་པ་བྱུང་ནས། མི་རྣམས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཆ་རྐྱེན་གང་ལེགས་ལྡན་པ་ཡོང་བའི་འགན་ལེན་དགོས། དེས་ན་ཁྲིམས་སྐྱོང་ཞེས་པ་འདིའི་རྩ་བའི་རྩ་བ་ཅི་ཡིན་ནམ་ཞེ་ན། དེ་ནི་སྲིད་གཞུང་གིས་གང་འདོད་དུ་འབངས་མི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པར། འབངས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་གནང་རྒྱུ་དེ་ཡིན་ལ། དེ་ནི་དོན་ཧ་ཅང་གལ་ཆེན་ཞིག་ཡིན། ཉེ་ཆར་ང་ཚོའི་རྒྱལ་ཁབ་འདིར་བྱུང་དང་འབྱུང་གིན་པའི་དོན་འདི་དག་ནི་ཏག་ཏག་ཁྲིམས་སྐྱོང་གི་རྩ་དོན་འདི་དང་རྒྱབ་འགལ་ཏུ་གྱུར་ཡོད། ང་ཚོས་ཁོ་ཚོ་ཁ་ཤས་ཤིག་བཙོན་དུ་བཅུག་ནས་ལོ་ཕྱེད་འགོར་ཅིང་ད་དུང་ཡང་སྒོར་ཐོན་མེད་ཅེས་བཤད་ཆོག་ཆོག་ཡིན་མོད་གནས་ཚུལ་ད་དུང་ཐབས་ཧ་ཅང་རྡུགས། གསུམ་པ་ནི། ཁྲིམས་འཛིན་རང་ཚུགས་དང་། ཁྲིམས་རྩོད་པའི་རང་དབང་ནི་ཁྲིམས་སྐྱོང་གི་རྩ་དོན་ལག་ཏུ་བསྟར་བ་ལ་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། ད་ལྟ་ཁྲིམས་རྩོད་པ་བྱ་ཕོད་མཁན་ཉུང་ཉུང་རེད། འདི་དག་ཚང་མའང་ཁྲིམས་སྐྱོང་དངོས་དང་ཡོངས་སུ་འགལ་བའི་མ་དཔེ་སྟབས་བདེ་པོ་ཁ་ཤས་རེད།
ཁྲིམས་འཛུགས་མཁན་གྱིས་ངེས་པར་དུ་བཅའ་ཁྲིམས་རྩི་དགོས།
ཚང་མས་ལྟོས་དང་། 《ཨོག་སི་ཧྥོར་ཊིའི་བཅའ་ཁྲིམས་ཀྱི་ཚིག་མཛོད་ཆེན་མོ》རུ། Rule of Law ལ་འགྲེལ་འདི་ལྟར་བརྒྱབ་ཡོད། དེ་ནི་ཆེས་ཆེར་གལ་འགངས་ཆེ་ནའང་མཚན་ཉིད་གཏན་ཁེལ་བ་ཞིག་མེད་པ། མཚན་ཉིད་རང་ག་བ་ཞིག་གིས་མཚོན་ཡང་མི་ནུས་པ་ཞིག་སྟེ། དེའི་ནང་དུ་དབང་གྲགས་ལྡན་པའི་སྒྲིག་གཞི་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་སྡེ་ཁག་དང་དེ་བཞིན་ལས་ཁུངས་གཞན་དག་བཅས་ཚང་མས་རྩ་དོན་ཁ་ཤས་ལ་བརྩི་སྲུང་ཞུ་དགོས་པ་དང་། བཅའ་ཁྲིམས་ལམ་ལུགས་གང་རུང་བའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དོན་ཁོངས་སུ་ཁྲིམས་འཛུགས་པའི་དབང་ཆ་ཚོད་འཛིན་པ་དང་། སྲིད་འཛིན་གྱི་དབང་ཆ་གང་བྱུང་དུ་སྤྱོད་པ་འགོག་པར་སྲུང་སྐྱོང་བྱེད་ཐབས། མི་སྒེར་གྱི་ཁེ་དབང་དང་། ཚོགས་པའི་དབང་ཆ་དང་རང་དབང་སྣ་ཚོགས་པར་ལུགས་མཐུན་གྱིས་སྲུང་སྐྱོབ་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་སོགས་ནང་དོན་འདུས་ཡོད། ཧ་ཡེག་གིས་ཁྲིམས་ལུགས་ཀྱི་མདུན་དུ་མི་རྣམས་འདྲ་མཉམ་ཡིན་ཞེས་བཤད་ཡོད། འོན་ཀྱང་ད་དུང་བཤད་སྟངས་གཞན་ཞིག་ཡོད། ཨ་མེ་རི་ཁའི་ཆེས་མཐོའི་ཁྲིམས་ཁང་གི་སྟེང་དུ་ཁྲིམས་ལུགས་ཀྱི་འོག་ཏུ་མི་ཚང་མ་འདྲ་མཉམ་ཡིན་ཞེས་བྲིས་ཡོད། དེ་བས་ཁྲིམས་སྐྱོང་ཞེས་པ་ནི་སྲིད་གཞུང་གིས་ཁྲིམས་ལུགས་ལག་བསྟར་དང་སྒྲིག་ལམ་ལ་སྲུང་སྐྱོང་གནང་དགོས་ཞེས་པའི་དོན་མིན་པར། སྲིད་གཞུང་རང་ཉིད་ཀྱིས་བཅའ་ཁྲིམས་ཀྱི་ལམ་ལུགས་ལ་བརྩིས་ནས་བསྲུངས་དགོས་པ་ལས། བཅའ་ཁྲིམས་ལ་མི་བརྩི་བའམ། ཡང་ན་བསྐྱར་དུ་རང་གི་ཁེ་ཕན་དང་འཚམ་པའི་བཅའ་ཁྲིམས་གཏན་ལ་འབེབས་པ་སོགས་བྱེད་མི་རིགས་པ་དེ་ཡིན། དེ་དོན་གསལ་པོར་བཤད་ན་སྲིད་གཞུང་རིམ་པ་ཁག་གིས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་ལས། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་སླད་དུ་གང་བྱུང་དུ་བཅའ་ཁྲིམས་གསར་པ་བཟོ་མི་ཆོག་པ་དེ་རེད། ཀྲུང་གོའི་བཅའ་ཁྲིམས་དང་ནུབ་ཕྱོགས་ཀྱི་བཅའ་ཁྲིམས་ཀྱི་རྩ་བའི་ཁྱད་པར་ནི་ནུབ་ཕྱོགས་ཀྱི་བཅའ་ཁྲིམས་ལ་དྲང་བདེན་དང་བདེན་ལུགས་ཟེར་བ་དང་། ཀྲུང་གོའི་བཅའ་ཁྲིམས་ནི་རྒྱལ་པོའི་དབང་ཆ་སྤྱོད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་དེ་རེད། ཧྥ་ལུགས(法家)ཀྱིས་རྒྱུན་སྐྱོང་བ་ནི་ཁྲིམས་ལུགས་ཀྱི་དངོས་སྤྱོད་རིང་ལུགས་སམ་བཅའ་ཁྲིམས་ཀྱི་ལག་ཆ་རིང་ལུགས་ཡིན་ཞིང་། མཐར་གཏུག་ན་དེ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལག་ཆ་ཙམ་ཡིན། འདིའི་ཆ་ནས་དེ་ཉིད་ཁྲིམས་སྐྱོང་གི་དགོངས་དོན་དང་རྦད་དེ་འགལ་བར་གྱུར་ཡོད།
ཨོག་སི་ཧྥོར་ཊིའི་ཚིག་མཛོད་དུ་ཁྲིམས་སྐྱོང་གིས་ཁྲིམས་འཛུགས་པའི་དབང་ཆའམ། སྲིད་འཛིན་གྱི་དབང་ཆ། ཡང་ན་ཁྲིམས་འཛིན་པའི་དབང་ཆ་ལ་སོགས་པའི་སྒེར་གཅོད་ཀྱི་དབང་ཆ་གཅིག་ཀྱང་ཡོད་མི་རིགས་པ་གསལ་ཁ་ཆེས་ཆེར་བཏོད་ནས་བཤད་ཡོད། ཧ་ཡེག་གིས《བྲན་ལ་ཕྱོགས་པའི་ལམ》(The Road to Serfdom)དང་། ད་དུང་ཁོང་གི《རང་དབང་གི་རྩ་ཁྲིམས》(The Consititution of Liberty) སོགས་གང་དུའང་ཡང་དང་ཡང་དུ་སྲིད་གཞུང་གི་དབང་ཆ་སྒེར་གཅོད་དམ། ཡང་ན་རང་དབང་གཅོད་འཇལ་གྱི་དབང་ཆ་དེ་རིགས་ལ་ངོ་རྒོལ་གནང་གི་ཡོད། ཁྲིམས་འཛུགས་པའི་དབང་ཆའམ། ཡང་ན་སྲིད་འཛིན་པའི་དབང་ཆ། ཁྲིམས་འཛིན་པའི་དབང་ཆ་བཅས་ཚང་མ་ཁྲིམས་ལུགས་ཀྱི་འོག་ཏུ་ཡོད་པར་ཤོད་ཀྱི་ཡོད། གལ་ཏེ་མུ་མཐུད་དུ་ཁོང་གི《ཁྲིམས། ཁྲིམས་འཛུགས་པ་དང་རང་དབང》(Law, Legislation and Liberty)བཀླགས་ཚེ། དེ་གར་ཁོང་གིས་ཁྲིམས་སྐྱོང་བ་ནི་སྲིད་གཞུང་གི་སྲིད་འཛིན་བཅའ་ཁྲིམས་ཀྱི་འོག་ཏུ་ཡོད་དགོས་པར་མ་ཟད། ཁྲིམས་འཛུགས་ལས་ཁུངས་ཀྱང་བཅའ་ཁྲིམས་ཀྱི་འོག་ཏུ་ཡོད་དགོས་ཞེས་སྨྲས་ཡོད། དེ་ཁྲིམས་རིག་པའི་རྩ་བ་དང་འབྲེལ་ཡོད་པ་སྨྲས་མ་དགོས།ཡིན་ནའང་རྩ་བའི་ཆ་ནས་ཁྲིམས་འཛུགས་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་གང་ལའང་བཅའ་ཁྲིམས་ལས་བརྒལ་བའི་དབང་ཆ་གང་ཡང་མེད་པ་ཀུན་གྱིས་ཁས་ལེན། ཁྲིམས་སྐྱོང་བའི་འདུ་ཤེས་ཀྱི་ངོས་ནས་བརྗོད་ན། ཁྲིམས་འཛུགས་པའི་དབང་ཆ་དང་སྲིད་འཛིན་པའི་དབང་ཆ་ནི་རྩ་ཁྲིམས་ཀྱིས་སྤྲད་དེ། སྤྱི་དམངས་དང་རྩ་ཁྲིམས་གཉིས་ཀས་གཅུན་གྱི་ཡོད་པ་ཞིག་ཡིན། ཞིབ་ཅིང་ཕྲ་བར་བཤད་པར་མི་བྱ། ཁྲིམས་སྐྱོང་བའི་སྐབས་སུ་ངེས་པར་དུ་དབང་ཆ་ཁ་གྱེས་པར་བྱས་ཏེ། དེ་དབང་བསྒྱུར་མཁན་དང་དབང་བསྒྱུར་ཡུལ་གཉིས་ཀ་བདེ་བར་སྲུང་བའི་ཡོལ་བ་ཞིག་ཏུ་གྲུབ་ནས། ཕྱོགས་གཅིག་ནས་སྤྱི་ཚོགས་ཧྲིལ་པོའི་ཁྲིམས་མཐུན་གྱི་རྣམ་པ་ཁག་ཐེག་བྱེད་ཅིང་། ཕྱོགས་གཞན་ནས་སྲིད་གཞུང་གི་ཚུལ་མིན་བྱ་བྱེད་ཀྱིས་སྤྱི་དམངས་ལ་གནོད་འཚེ་མི་ཐེབས་པར་ཁག་ཐེག་བྱ་དགོས། ཁྲིམས་སྐྱོང་བའི་དཀྱིལ་སྙིང་ནི་སྤྱི་དམངས་ལ་སྲུང་སྐྱོབ་གནང་རྒྱུ་ཡིན་པ་ལས་སྲིད་གཞུང་གིས་གང་བྱུང་དུ་གནོད་འཚེ་གཏོང་རྒྱུ་གཏན་ནས་མིན། ཁྲིམས་སྐྱོང་བའི་སྲོག་ཤིང་ནི་སྲིད་གཞུང་གི་སྒེར་གཅོད་དབང་ཆ་ཡིས་སྤྱི་དམངས་ལ་ཅི་འདོད་གང་འདོད་ཀྱི་བརྙས་བཅོས་བྱ་རུ་མི་འཇུག་པ་དེ་ཡིན། འདི་ནི་ཁྲིམས་སྐྱོང་བའི་བསམ་བློ་གཙོ་བོ་ཡིན། ངས་བསམས་ན་གནད་འདི་ང་ཚོའི་རྒྱུན་ཤེས་ཤིག་ཏུ་གྱུར་ན་འགྲིག་གི་འདུག་སྙམ།(མུ་འགོད)