ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཡུས་ལིན(玉林)གྱི་ཁྱི། ཐུ་རིན(Turin)གྱི་རྟ།

2015-07-02 དོན་གྲུབ་ཀྱིས་བསྒྱུར།
རྩོམ་འདིའི་རྩོམ་པ་པོ་ཡུན་ཡེ་ཐུས(云也退)ནི་རང་དབང་གི་གསར་འགོད་པ་དང་།   དེབ་དཔྱད་པ།   ལོ་ཙཱ་བ་ཞིག་ཡིན།

གསར་ལམ་ལྟར་ན་ད་ལོའི་ཡུས་ལིན་གྱི་ཁྱི་ཤའི་དུས་ཆེན་གྱིས་ཀྱང་ཚད་ལས་བརྒལ་བའི་དཀྲོག་ཟིང་བཟོས་མེད་པར།     ཕྱི་ཚུལ་ཞི་ཞིང་འཇགས་པའི་ངང་སྤེལ་ནས།    ཁྱི་ལ་དགའ་མཁན་དག་དང་མི་ཁའི་ནང་དུ་ཟིང་ཆ་སློང་འདོད་མེད་པར་ཤོད་ནའང་།    དོན་ལ་ཁྱི་ཤའི་དུས་ཆེན་འདི་ལོ་རེ་ནས་ལོ་རེར་འདི་ལྟར་ཨུ་ཚུགས་མཁྲེགས་པོས་རྒྱུན་བསྐྱངས་ཤིང་།    ད་དུང་ཡང་ལོ་ག་ཚོད་ཅིག་ལ་གནས་རྒྱུ་ཡིན་མིན་ཧ་གོ་ཐབས་བྲལ།      ཀྲུང་གོའི་སྤྱི་ཚོགས་ཧྲིལ་པོར་དེང་རབས་ཀྱི་སྔོན་དང་།      དེང་རབས་དང་།      དེང་རབས་ཀྱི་རྗེས་བཅས་དུས་གསུམ་མཉམ་དུ་གནས་ནས།   ག་ས་གང་དུ་རྙོག་ཟིང་ཟིང་འཚུབ་ལོང་ལོང་བྱེད་ཅིང་མཆིས།     ཡུས་ལིན་གྱི་མི་དག་གིས་དེང་རབས་ཀྱི་སྔོན་གྱི་བླང་དོར་གྱི་ལྟ་བའི་རྒྱུན་བཟུང་སྟེ།   ཁྱི་རིགས་གསོད་ཆོག་པའི་འདུ་ཤེས་སྐྱོང་བས།      གནའ་སྲོལ་ཡིན་རབས་ཀྱི་སྐད་ཆ་ཚོན་པོ་ལབ་ནས་གནས་ལུགས་ཤོད་རྐྱང་བྱེད།     མར་གྱུར་སེམས་ཅན་ཐམས་ཅད་བདེ་བར་མི་འདོད་པ་གཅིག་ཀྱང་མེད་པའི་བསམ་བློ་འཛིན་མཁན་དག་གི་མདུན་དུ།    གནའ་སྲོལ་ནི་ནམ་ཡང་དགུང་ལ་ཕྱར་ཆོག་པའི་དར་ཆ་དང་ཕུབ་ལྟ་བུ་ཞིག་ཏུ་གྱུར་ཡོད།

དཔེར་ན་སི་ཕེན་གྱི་ཡུལ་ཁ་ཤས་སུ་ཕོ་གླང་གི་ཁྲག་གིས་མཚོ་མོ་བསྐྱིལ་བ་དང་།      ཧིན་རྡུ་ཉི་ཤི་ཡ་རུ་བྱ་ཕོ་འཛིང་དུ་བཅུག་ནས་སྤུ་ཟད་དུ་སོང་ནས་དབུགས་ཆད་པར་བྱེད་པའང་ཡོད།     ཡིན་ནའང་བདག་གིས་མར་གྱུར་སེམས་ཅན་ཐམས་ཅད་རིས་མེད་དུ་རྩི་བ་དག་གིས་གནའ་སྲོལ་ངན་པ་འདི་རིགས་ལ་རྒོལ་བར་ཡི་རངས་ཀྱིས་ལྷག་བསམ་ཡང་དག་པར་འདོད་ཀྱི་ཡོད།      སྤོབས་པ་དང་ལྡན་པ་ཁོ་ཅག་དུས་རབས་འདི་དང་།     དུས་རབས་འདིའི་ལྟ་བ་ཆེས་སྔོན་དུ་གྱུར་པ་འདིའི་རྒྱབ་ཏུ་ཀ་བཞིན་དུ་ལངས་ནས་སྲོག་ཆགས་དག་ལ་གཅེས་ཤིང་སྲུང་བཞིན་ཡོད།

སྲོག་ཆགས་དག་ལ་གཅེས་ཤིང་སྲུང་བའི་ལོ་རྒྱུས་ཀྱང་རྒྱུན་མི་རིང་སྟེ།     ཧ་ལམ་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་དུས་རིང་ནས་བྱུང་བ་ཡིན་པར་འདུག     གལ་ཏེ་ཁྱི་ཤ་བཟའ་ཆོག་པ་དང་ཁྱི་རིགས་གསོད་ཆོག་པར་འདོད་མཁན་དག་གིས་གཞུང་ལུགས་ཀྱི་རྒྱབ་རྟེན་ཞིག་འཚོལ་བར་འདོད་ཚེ།     ཁོ་ཚོས་ངན་པ་འདི་ཐམས་ཅད་སྔོན་བྱོན་པ་ཞིག་གི་མགོ་རུ་དགལ་ཆོག་ཆོག་ཡིན།     སྲོག་ཆགས་ལ་སེམས་སམ་འདུན་པ་མེད་པས་དེ་དག་ནི་སྡུག་བསྔལ་མི་ཤེས་པའི་འཕྲུལ་ཆས་འབའ་ཞིག་གོ་ཞེས་སྨྲ་མཁན་ཞིག་བྱུང་ཞིང་།    དེའང་ཐོག་མར་ཤོད་མཁན་ནི་སྐྱེ་བོ་གཞན་མ་ཡིན་པར་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་ཆེན་མོ་དང་།   “ང་ཡིས་སེམས་པས་ང་འཚོའོ”ཞེས་པའི་ལྟ་བ་འདོན་མཁན་ཏེ་སི་ཁར་ཐེ་སི(René Descartes, 1596-1650)ཡིན་པ་རེད།

སྲོག་ཆགས་ལ་གཅེས་སྲུང་གནང་མཁན་དང་།      སེམས་ཅན་ཐམས་ཅད་འདྲ་མཉམ་སྨྲ་མཁན་དག་གིས་མཚན་ཉིད་རིག་པ་བ་འདི་ལ་སྡིགས་མོ་བྱ་ཆོག་ཆོག་རེད།     རྩོམ་པ་པོ་གྲགས་ཅན་མི་ལན་ཁུན་ཏེ་ར(Milan Kundera, 1929-)ཡིས་སྒྲུང་གཏམ《ཚེ་སྲོག་གི་ཐེག་པར་དཀའ་བའི་ཡང་མོ》(The Unbearable Lightness of Being,1984)ཞེས་པ་རུ་དུམ་མཚམས་ཡག་པོ་འདི་འདྲ་ཞིག་བྲིས་ཡོད།

--------------------
ཐེ་རི་ས་ནམ་ཡང་ངའི་མིག་ལམ་ལ་འཁོར་ཡོང་གི་འདུག     ངས་མོ་རང་སྡོང་པོའི་ཡལ་ག་རུ་བསྡད་དེ།     ཁ་ལེ་ཉིང་གི་མགོ་ལ་བྱུག་བྱུག་བྱེད་ཅིང་།       མིའི་རིགས་ཀྱི་གོད་ཆག་ལ་ཡང་ཡང་བསམ་བློ་འཁོར་གྱི་འདུག     ངའི་ཀླད་པའི་ནང་ལ་སླར་ཡང་རྣམ་པ་གཞན་ཞིག་ཤར་བྱུང་།    ནི་ཆེ(F. W. Nietzsche, 1844-1900)ལགས་ཁོའི་ཐུ་རིན་གྱི་མགྲོན་ཁང་ལས་འབྲལ་ཁར།     ཤིང་རྟ་པ་ཞིག་གིས་རྟ་ལ་ཤེད་ཀྱིས་གཞུ་བཞིན་པ་མཐོང་བས།      ནི་ཆེ་སྔོན་དུ་བརྒྱུགས་ཤིང་ཤིང་རྟ་པའི་སྔུན་ནས་རྟ་ཡི་མགོ་ལ་འབྱར་ནས་སྐད་ཆེན་པོས་ངུས།

དོན་དེ1889ལོར་བྱུང་ཞིང་།     ནི་ཆེ་ཡིས་ཀྱང་ཁོ་རང་འཇིག་རྟེན་འདི་དང་ཁ་འབྲལ་དུ་འཇུག་གིན་ཡོད།      ཡང་ན་ཁོའི་རིག་པ་ཡོངས་སུ་འཆོལ་ནས་རྣལ་དུ་གནས་མི་ཐུབ་པར་གྱུར།      ཡིན་ནའང་རྒྱུ་མཚན་འདི་ཡི་རྐྱེན་གྱིས་ཁོའི་བྱས་པ་འདི་ལའང་དོན་སྙིང་དེ་བས་ཀྱང་གལ་ཆེན་པོ་ཞིག་ལྡན་པར་སྙམ་སྟེ།     དེ་ནི་ནི་ཆེ་ཡིས་ཏེ་སི་ཁར་ཐེ་སི་ཡི་ཚབ་ཏུ་རྟ་དེ་ལ་དགོངས་དག་ཞུ་བཞིན་ཡོད།       ཁོ་རང་ཤེས་པ་རྣལ་དུ་གནས་མ་ཐུབ་པ(དེ་ནི་ཁོ་རང་འགྲོ་བ་མིའི་རིགས་དང་གཏན་དུ་གྱེས་པའང་ཡིན)དེའང་ཁོས་རྟ་ཡི་མགོ་བོ་པང་ནས་སྐད་ཆེན་པོས་ངུས་པའི་སྐད་ཅིག་མ་དེ་ནས་མགོ་བརྩམས་པ་ཡིན།

འདི་ནི་ང་རང་ཞེ་འཆོར་སའི་ནི་ཆེ་རེད་དེ།     དེའང་ང་རང་ཞེ་ཤོར་སའི་ཐེ་རི་ས་ནང་བཞིན།      ནད་ཀྱིས་མནར་ཏེ་འཆི་ལ་ཉེ་བའི་ཁྱི་ཞིག་གིས་མགོ་བོ་མོའི་པུས་མོའི་སྟེང་དུ་ཁེན་འདུག  ངས་ཁོ་གཉིས་དཔུང་བ་མཉམ་གཤིབ་ཀྱིས་ལམ་ཆེན་དང་བྲལ་ནས་མར་ཕྱིན་པ་མཐོང་།     ལམ་ཆེན་དེ་རུ་འགྲོ་བ་མི་རྣམས་མདུན་དུ་བསྐྱོད་བཞིན་འདུག   “རང་བྱུང་ཁམས་ཀྱི་བདག་པོ་དང་དབང་འཛིན་པ།”
--------------------

ཁུན་ཏེ་ར་ཡིས་སྟོན་པ་ནི་སྲོག་ཆགས་ལ་གཙེ་བའི་ལས་བྱེ་བྲག་པ་ཞིག་མ་ཡིན་པར།      ལམ་ཆེན་པོ་རུ་མདུན་དུ་བསྐྱོད་བཞིན་པའི་འགྲོ་བ་མིའི་རིགས་ཀྱི་རང་རློམ་ཚ་པོ་ཡིན།      ཁོ་རང་ནི་ཆེ་ལ་དགའ་བ་དེས་མི་རྣམས་ལ་མཚན་ཉིད་རིག་པ་བ་མཚར་པོ་འདིའི་བྱ་བྱེད་དང་གསུང་རྩོམ་དག་ལ་སླར་དོ་སྣང་བྱ་རུ་བཅུག       ནི་ཆེ་ཡིས་ཁོའི་འཕྲིན་ཡིག་ཏུ་ཁོས་རྟ་ཡི་མཇིང་པ་པང་འདོད་ཚུལ་ཤོད་མྱོང་ཡོད་པས།     མི་རྣམས་ཀྱིས་ཐུ་རིན་གྱི་རྟ་ཞེས་པའི་གཏམ་རྒྱུད་འདིའི་བདེན་རྫུན་གྱི་ཕུ་ཐག་ལ་ཡང་ཡང་དཔྱད་མྱོང་།      ནི་ཆེ་འདས་རྗེས་སུ་པར་ཞིག་ཤུལ་དུ་ཡོད་པར།     ཁོ་རང་ཤིང་རྟ་ཞིག་གི་རྟ་ཁ་སྒག་བྱེད་ཀྱི་ནང་དུ་འགྲེང་ཞིང་།     ཁོའི་དགའ་རོགས་ས་ལོ་མེ(Lou Andress-Salomé, 1861-1937)ནི་ཤིང་རྟའི་ནང་དུ་བསྡད་དེ་ལག་ཏུ་ལྕག་ཚན་ཐོགས་ཡོད།      མདུན་ཐད་དུ་ཁོའི་གྲོགས་པོ་ཕོལ་རའེ(Paul Rée)ཡིས་པར་རྒྱག་མཁན་ཁ་ཕྱོགས་ཏེ་གདོང་གི་རྣམ་འགྱུར་ཞི་ཞིང་བག་ཕེབས་པ།   རྒྱབ་ཀྱི་དོན་དེ་དག་མ་མཐོང་མ་ཤེས་པའི་ངང་དུ་འདུག
སྐབས་དེར“སྤྱོད་པའི་སྒྱུ་རྩལ”ཞེས་པ་ཞིག་མེད་པ་རེད་མ་གཏོགས།    ནི་ཆེ་རྟ་ལ་དགའ་ཞེས་པའི་སྐད་ཆ་དེ་ལའང་ཡིད་ཆེས་མཁན་ཇེ་ཉུང་དུ་འགྲོ་སྲིད་པར་ངེས།     དེ་ལྟ་ནའང“ཐུ་རིན་གྱི་རྟ”ཡི་དོན་དག་དེ་ཁོ་རང་རིག་པ་རྣལ་དུ་མ་གནས་པར་འཆོལ་པའི་རྟགས་མཚན་ཞིག་ཏུ་གྱུར་ཅིང་།    མཐར་ཁོ་རང་ཡང་ངོ་མས་སྨྱོས་པ་རེད།     ནི་ཆེ་ཡི་གསུང་རྩོམ་ནང་དུ་མི་རྣམས་བཟི་བར་བྱེད་པའི་སྨྱོ་ཞད་ཅིག་གིས་གོས་ཏེ།  འཇིག་རྟེན་ཉམས་སྲིད་ཀྱི་སྐད་ཆ་འཇིགས་སུ་རུང་བ་དང་།    འཇིག་པར་ཉེ་བའི་ཉེན་ཁ་དང་ནམ་ཞིག་ལ་འཇིག་སྲིད་པ་སོགས་ལབ་པར་བྱེད།   ཁོའི《དགའ་བའི་རིག་པ》(The Gay Science)ཞེས་པའི་དེབ་ཏུ།   “སྲོག་ཆགས་གཞན་དག་གིས་འགྲོ་བ་མིའི་རིགས་ཀྱང་ཁོ་ཚོ་ནང་བཞིན་གྱི་སེམས་ཅན་གཅིག་འདྲ་ཞིག་ཡིན་པར་སེམས་འགྲོ་ཞེས་ང་རང་ཞེད་ཀྱི་འདུག   ཡིན་ནའང་ཉེན་ཁ་གཅིག་འདུག་པ་ནི།   སྲོག་ཆགས་ཐང་པོའི་རིགས་པ་བརྟན་པོ་མེད་པར་གྱུར་ནས།   སྲོག་ཆགས་སྨྱོ་ཧམ་ཆེ་བ།  གད་མོ་ཆེན་པོ་དགོད་པ།   ངུ་སྐད་ཆེན་པོ་རྒྱག་པ།   དགའ་བ་དང་སྤྲོ་བ་ཅི་ཡང་མེད་པ་ཞིག་ཏུ་འགྱུར་ཉེན་འདུག”   སྨྱོན་པ་ཞིག་གིས་བྲིས་པའི་གཏམ་འདི་དག་ལ་འདང་རྒྱག་རིན་འདུག་གམ་མི་འདུག

ཡོད་དང་ཡོད།  2011 ལོར་པེ་ལ་ཐར(Béla Tarr, 1955-)གྱིས་བསྐྲུན་པའི《ཐུ་རིན་གྱི་རྟ》(The Turin Horse, 2011)ཞེས་པའི་གློག་བརྙན་གྱིས་དེ་ལ་ལན་བརྒྱབ་ཡོད།   གློག་བརྙན་འདི་རུ་གཏམ་རྒྱུད་དེ་མགོ་རྔ་ཚང་བ་ཞིག་བཤད་ཡོད་པར་མ་ཟད།  དེ་ལ་ད་དུང་འདང་རྒྱག་རྒྱུ་ཆེ་བའི་མཇུག་ཅིག་ཀྱང་ཁ་བསྣན་ཡོད་དེ།   ནི་ཆེ་ཡིས་པང་བ་དང་ངུས་པའི་རྗེས་སུ་རྟ་ཉམ་ཐག་པ་དེ་འགྲོ་མགོ་བརྩམས།   རིད་ཅིང་སྐམ་པའི་སུག་བཞི་དང་།  ཆུ་བུར་གྱི་མིག་གིས་མཐོང་ཐབས་མེད་པའི་མགྱོགས་ཚད་ཀྱིས།   མི་ཧ་ལི་ཝི་གེ་ཡི་དུར་འཇུག་གི་རོལ་མོ་བརྗིད་ཉམས་ཅན་དེའི་ཀློང་དུ་འགྲོ།   སི་སེ་ཧྥུ་སི(Sisyphus)ཡི་ཚུལ་ལྟ་བུའི་རི་མོ་ཞིག་སྟེ།  མི་དང་རྟ་གཉིས་ཀས་སོ་སོའི་ལས་དབང་ངོས་ཟིན་པ་ནི།   ནི་ཆེ་ལགས་འགྲོ་བ་མིའི་འཇིག་རྟེན་ཕལ་བ་དང་གྱེས་པ་དང་།   རྟ་ནི་མི་ཕལ་བའི་མིག་ལ་རྒྱུན་ལྡན་དུ་གྱུར་པ་སྟེ།   ད་རུང་དབུགས་ཆད་མེད་ཅིང་ད་རུང་གསོན་ཐོག་ལ་ཡོད་པའི་དུད་འགྲོ་ཞིག་ཡིན་པ་དེའོ། །

སྲོག་ཆགས་ཀྱི་ཀུན་སྤྱོད་རིག་པ་ལའང་དོན་ལ་ལྟ་བ་ཟབ་མོ་ཅི་ཡང་དགོས་པ་མེད་ལ།   དབྱེ་ཞིབ་བཙན་པོས་མི་གཞན་ལ་ཁས་ལེན་དུ་འཇུག་དགོས་པའང་མེད།  ཁྱོད་ཀྱིས་ནི་ཆེ་ཡིས་རྟ་པང་ནས་ངུས་པའི་གཏམ་རྒྱུད་ཀྱིས་ཕ་རོལ་པོའི་སེམས་བཀུག་ཆོག   སྲོག་ཆགས་དང་སེམས་ཅན་གཞན་ཐམས་ཅད་ཀྱིས་ཀྱང་ཁྱེད་དང་འདྲ་བར་སྡུག་བསྔལ་ཤེས་ཤིང་།  ནི་ཆེ་ཡིས་རྟ་ཡི་སྡུག་བསྔལ་ཤེས་པ་ནང་བཞིན་རེད་ཅེས་འདོད་ཚེ།    གཞུང་ལུགས་དེའང་ཁྱོད་ཀྱིས་ཁས་བླངས་པ་རེད།

ཐེ་ཝན་གྱི་སྐུ་ཞབས་ཆན་ཡུང་ཤང་ལགས་ཀྱིས་ཕེང་ཕེ་གསར་ལམ་གྱི་བཅར་འདྲི་དང་དུ་ལེན་དུས།   སྲོག་ཆགས་ཀྱི་ཀུན་སྤྱོད་རིག་པས་འཚོལ་བ་ནི།  མི་རྣམས་ཀྱིས་སྲོག་ཆགས་ལ་ཡག་པོ་བྱེད་མི་བྱེད་དེས་མི་རྣམས་ཀྱི་ཀུན་སྤྱོད་ཀྱི་རྩ་དོན་གྱི་རེ་བ་ཡིད་ཚིམ་པར་བྱེད་པ་རེད་ཅེས་སྨྲས་སོང་།   ལྟ་བ་འདི་གཞིར་བཞག་ཚེ།   མི་རྣམས་ཀྱིས་སྲོག་ཁྲིམས་གཅོད་པ་དེ་གྲིས་གཏུབས་པ་ནས་མེ་མདའ་ཡིས་གསོད་པ་དང་།  མེ་མདའ་ནས་དུག་ཁབ་འཛེར་བ་རུ་འགྱུར་བ་དང་འདྲ་བར།   སྲོག་ཆགས་བཤའ་བའམ་གསོད་པའི་ཚུལ་ཡང་རང་དགར་གསོད་པ་ནས་ཁྱིམ་དུ་བཤའ་བ་དང་།   དེ་ནས་སྲོག་ཆགས་བཤའ་བའི་སྡུག་བསྔལ་ཆུང་དུ་གཏོང་རྒྱུ་དང་།  དེ་ལ་བརྩི་བཀུར་བྱེད་པ་སོགས་ཀྱང་།   བརྩེ་བ་རྫུན་མ་ཞིག་ཁྱོན་ནས་མ་ཡིན་པར།   མི་རྣམས་ཀྱི་ཀུན་སྤྱོད་ཀྱི་འདང་རྒྱག་ཚུལ་ཡག་ཏུ་ཕྱིན་པ་དང་།   ཁྱབ་རྒྱ་ཆེ་རུ་གྱུར་ཏེ།   སེམས་ཅན་གཞན་ཞིག་གི་སྲོག་ལེན་པ་དེའང་ཕ་རོལ་པོ་ཞིག་ལ་འཛེམ་དགོས་པའི་སྤྱོད་པ་ཞིག་ཡིན་པར་འདོད་པ་དང་།  དེ་ཡི་ཕྱིའི་མངོན་སྟངས་དང་ནང་གི་འགྲིག་མིན་འོས་མིན་གྱི་ཚུལ་ལའང་ཞིབ་ཏུ་བསམ་བློ་གཏང་དགོས་པ་བྱུང་བ་རེད།   རང་ཅག་གི་སྤྱི་ཚོགས་འདི་ལ་འཛེམ་བྱ་དང་ཞིབ་འདང་རྒྱག་ཡུལ་ཅི་ཡང་མེད་པར་གདུག་རྩུབ་ཆེ་དྲགས་པས།   མཚམས་ལན་རེར་ས་ཆ་ཁ་ཤས་སུ་དབང་ཆ་དང་།  གྲོང་ཁྱེར་གྱི་ཡག་བཙོག   སྤྱི་ཚོགས་ཀྱི་བདེ་འཇགས།  གོམས་སྲོལ།   ཁྱིམ་ཁྲིམས་སོགས་ཀྱི་འོག་ཏུ་དར་ཆ་དང་ཕུབ་ཏུ་ཕྱར་ནས།  གདུག་རྩུབ་ཀྱི་སྦྱོར་བ་ཅི་ཐུབ་ཐུབ་སྤེལ་བར་བྱེད།   ཡུས་ལིན་གྱིས་ད་ལོ་ཞི་བ་དང་བཤད་རྒྱུ་མང་པོ་མེད་པ་དེའང་ཡ་རབས་ཀྱི་ལུགས་ཤིག་ཏུ་འདོད་ཆོག་ལ།   སྤྱི་ཚོགས་ཀྱིས་འགྲོ་ལུགས་བསླབ་ནས་ཡར་རྒྱས་འགྲོ་བའང་ཆུ་བུར་གྱི་མིག་གིས་མི་མཐོང་བའི་མགྱོགས་ཚད་ཅིག་ཡིན།

ད་ནི་རང་གི་མིག་མཐོང་ལག་ཟིན་གྱི་མྱོང་བ་ཙམ་བཤད་པར་བྱ།

ཉིན་འགའི་སྔོན་ལ་རྒྱལ་སྤྱིའི་རྟ་ཡི་མཆོང་རྩལ་གྱི་འགྲན་སྡུར་ཞིག་ལ་གདན་དྲངས་ནས་ཕྱིན།  འགྲན་ལམ་བཟོ་མཁན་གྱིས་ལམ་གུག་འཁྱོག་མང་པོར་བཟོས་ཤིང་།  རྟ་ལ་དཀའ་ལས་མང་པོ་བཟོ་ཐུབ་ཐུབ་བྱས་འདུག   གཅིག་ནས་འགྲན་ར་ཕྱི་ཡི་སྒྲོམ་ངོས་ཆེན་པོ་ལས་རྟ་ཡི་རིག་པ་གཏོར་བ་དང་།   གཉིས་སུ་ལན་ཀན་དག་ལྟ་སྟེགས་ཀྱི་མཐའི་མདོག་ལྟར་དཀར་པོ་བྱས་ནས་རྟ་ལ་འཕྲུལ་སྣང་སྟེར་བ་དང་།   གསུམ་དུ་ཆུ་གྲོག་དང་བར་ཐག་ཤིན་ཏུ་ཐུང་བའི་ལན་ཀན་མང་པོ་བསྟུད་མར་ཡོད་པ་དེས་རྟ་གཅིག་རྗེས་གཉིས་མཐུད་ཀྱིས་ཐེངས་གསུམ་མཆོང་དགོས་པ་བྱས་འདུག   འགྲན་སྡུར་ལ་ཞུགས་མཁན་ནི་འགྲན་ཐེངས་མང་པོར་ཞུགས་མྱོང་བའི་འགྲན་ཞུགས་པ་རྙིང་པ།   རྒྱལ་སྤྱིའི་ཐོག་ཨང་རིམ་སྔོན་ལ་ཡོད་མཁན་དག་སྟེ།  འཇར་མན་དང་།  དབྱིན་ཇི།  ཨི་ཏ་ལི།   པེལ་ཇིམ་བཅས་ཡོ་རོབ་ཀྱི་རྟ་རྩལ་ཡག་ས་དེ་དག་མིན་ན།   ཨ་རབ་དང་།   ཨ་རབ་ཡུལ་གྱར་པའི་མཉམ་འབྲེལ་རྒྱལ་ཁབ(The United Arab Emirates)དང་།  ཁ་ཐར(The State of Qatar)བཅས་ཀྱི་ཤར་དཀྱིལ་མའི་ཚོ་དཔོན་ནམ་ཕྱུག་པོའི་བུ་དག་རེད།

འགྲན་ཞུགས་པའི་གསུམ་ཆའི་གཅིག་གིས་འགྲན་སྡུར་གྱི་གོ་རིམ་ཡོངས་སུ་རྫོགས་ཏེ།  ལན་ཀན་རྗེས་མ་དེ་བརྒལ་བ་དང་གཟི་ཉམས་དོད་པོས་འགྲན་ར་ལ་སྐོར་བ་བརྒྱབ་ནས།  ལྟད་མོ་པའི་དགའ་བསུའི་ཐལ་སྒྲ་ཡི་ཁྲོད་དགའ་བས་བཟི་ནའང་།   འགྲན་ཞུགས་པ་ཁ་ཤས་ཀྱིས་ཕམ་ཁ་ཉོས་ཏེ་ལོག་དགོས་བྱུང་ཡོད།    རྟ་རེ་གཉིས་བརྒྱུགས་ནས་ལན་ཀན་གྱི་ཉེ་སར་སླེབས་པ་དང་།   འགྲེལ་བཤད་པས་བཤད་པ་ནང་བཞིན།   “མི་མཆོང་བ”ཡི་སྣང་ཚུལ་བྱུང་།    རྟ་པས་རྟ་ཁྲིད་ནས་ཕྱིན།   ངའི་གྲོགས་པོས་སྨིན་པ་བསྡུ་བཞིན།  སྙིང་རྗེ་བའི་རྟ།  ཡང་རྟ་པས་གཞུ་ཡི་རེད་ཟེར།

“མི་མཆོང་བ”ཞེས་པ་དེས་ང་ལ་ཐུ་རིན་གྱི་རྟ་ཡི“མི་རྒྱུག་པ”ཞེས་པ་དྲན་དུ་བཅུག་ནས།  ཆེད་ལས་ཀྱི་བརྡ་འདིར་བརྩེ་བ་དང་བྲལ་བ་ཤེས།   བརྙན་འཕྲིན་གྱི་ནང་དུ་ཤར་དུས་རྟ་རྒྱུག་པ་དེ་བག་སྤྲོ་ལ་ཁམས་སྐྱིད་པ་ལྟ་བུ་ཞིག་མིན་པར།    མིག་མཐོང་ལག་ཟིན་གྱིས་ལྟ་བ་ཡིན་པས།  ངས་ལུས་རྩལ་གྱི་རྣམ་གྲངས་འདི་རྩེད་མོ་མཐོན་པོ་ཞིག་ནས་སྲོག་ཆགས་ཀྱི་ཕུང་པོ་ལ་མནར་གཅོད་གཏོང་བའི་རྩེད་མོ་ངན་པ་ཞིག་ཡིན་པར་ཤེས་པ་ནི།   རྟ་ཡིས་དངོས་ལུགས་ཀྱི་རིག་པའི་འགྲོས་བཞིན་ལྗིད་ཚད་ངེས་ཅན་ཞིག་བཏེགས་ནས་ཐང་བདེ་མོར་རིང་དུ་ཕྱིན་ནའང་དབུགས་མི་འཚང་ནའང་།   ཡར་མཆོང་བའམ་རི་ལ་འགོ་བའི་ཚེ་ན་ལུས་ཤུགས་ཤིན་ཏུ་མགྱོགས་པོར་ཟད་འགྲོ་ཡི་ཡོད།

དེ་བས་ལུས་རྩལ་འགྲན་ཚོགས་མ་གཞི་རང་སྟེང་ནས་སྲོག་ཆགས་ཀྱི་རང་བཞིན་དང་འགལ་ཡོད།  མི་རྣམས་ཅིའི་ཕྱིར་བྲང་ཁར་མཉམ་པའི་ལན་ཀན་ཞིག་ལས་མཆོང་དགོས་པ་རེད་དམ།  རྒྱུན་ལྡན་ལྟར་ན་དེ་ལ་བསྐོར་ནས་འགྲོ་དགོས།   དེ་བཞིན་རྟ་ཞིག་ཀྱང་སྐྱེས་པ་ཉིད་ནས་ཤེད་ཤུགས་ཡོད་རྒུ་བཀོལ་ནས་ལན་ཀན་ལས་མཆོང་བ་དང་།   ཤིང་རྟ་ཞིག་འདྲུད་འདོད་མཁན་སུ་ཞིག་ཡོད་དེ་མེད།  དོན་ལ“མི་མཆོང་བ”ཞེས་ཀྱང་ཤོད་སྲོལ་ཞིག་མེད་དེ།  སྐབས་རེ་འགར་སེམས་འཚབ་པའམ་ཞེད་པའང་རྟ་ཡི་སྐྱོན་ག་ལ་ཡིན།

མི་རྣམས་ཀྱིས་རྟ་ལ་སྦྱོང་བརྡར་སྤྲད་ནས་རང་རེའི་ཁ་ལ་ཉན་པའི་ཕྱིར་དེ་དག་གིས་མ་གཞི་ནས་བྱར་མི་འདོད་པ་དག་བྱེད་དུ་བཅུག   མི་རྣམས་ཀྱིས་རང་གི་གཟི་བརྗིད་དང་ངོ་ཚ་ཐམས་ཅད་དེ་དག་གི་ལུས་སྟེང་དུ་དམ་པོར་བསྡམས་ཏེ།   ཕམ་ཁ་ཉོ་མཁན་གྱི་རྟ་པ་དག་གིས།  རྟ་ཡིས་ཀྱང་རང་གི་སྐྱོན་ཤེས་ནས་ངོ་ཚ་སྐྱེ་དགོས་པར་འདོད་ཀྱི་ཡོད།  ཡིན་ནའང་ཁོ་ཚོས་རང་ཉིད་དང་སྔ་ནུབ་དབྱར་དགུན་མེད་པར་འགྲོགས་པའི་རྟ་ལ་གཞུ་ཡི་རེད་དམ་ཞེ་ན་མི་སྲིད་སྙམ།  ཁོ་ཚོའི་བར་དུ་གཞན་ལ་མེད་པའི་བརྩེ་བ་དང་ཡིད་ཆེས་ཤིག་ཆགས་ཡོད་ངེས།  སྤྱིར་ན་འཛམ་བུ་གླིང་དུ་ད་དུང་ཡང་ཡུས་ལིན་གྱི་ཁྱི་ཤའི་དུས་ཆེན་ལྟ་བུའི་གོམས་སྲོལ་འདི་འདྲ་ད་དུང་ཡོད་ནའང་།   ནི་ཆེ་ཡི་དུས་སྐབས་དེའང་གང་ལྟར་ཕྱིར་འོང་མེད་པར་སོང་ཚར་བ་རེད།

འོན་ཀྱང་།  སྲོག་ཆགས་ཀྱི་ཀུན་སྤྱོད་རིག་པའང་ད་ལྟ་ཅ་ཙེ་གོམ་ཙེ་བསླབ་པ་ཙམ་ཡིན་ཅིང་།  དེ་རང་ལའང་གཅིག་ཞོར་གཉིས་མཐུད་ཀྱི་གནད་དོན་མང་པོ་ལྷགས་ཡོད།  《འགྲོ་བ་མིའི་བྱུང་བ་སྙིང་བསྡུས》(Brief History of Humankind)ཞེས་པའི་དེབ་ཀྱི་རྩོམ་པ་པོ་སྟེ་ཨི་ཟི་རེལ་གྱི་སློབ་དཔོན་ཆེན་མོ་དང་བདེ་སྐྱིད་རིག་པ་སྨྲ་བ་ཡུ་ཝལ་ཧ་ར་རི(Yuval Harari)ལགས་ཀྱིས།   འདི་ནི་སྲོག་ཆགས་དག་གི་སྡུག་བསྔལ་ཆེས་ལྕི་བའི་དུས་རབས་ཤིག་ཡིན་ཅིང་།   ཤེས་རིག་གི་དཔལ་ཡོན་རྒྱས་ཡོད་པའི་མི་རྣམས་ཀྱིས་མི་མཐོང་སར་ཉིན་རེར་ཁྱིམ་བྱ་དུང་ཕྱུར་ཉི་ཤུ་ལྷག་དམར་གསོད་གཏོང་གི་ཡོད།   ཁོའི་ལྟ་བ་དེ་བས་ཀྱང་དུས་རབས་ཀྱི་སྔོན་དུ་ཕྱིན་པ་སྨོས་མེད་རེད་མོད།   མིག་སྔའི་རང་ཅག་གིས་འགྲོ་བ་མིའི་རང་བཞིན་ཤེས་པའི་སྲོག་ཆགས་ཏེ་དཔེར་ན་ཅང་ཤེས་རྟ་དང་མི་ཡི་གྲོགས་པོ་ཁྱི་ལྟ་བུ་ཁོ་ནར་སྙིང་རྗེ་སྐྱེ་བ་ལས།  ཁྱིམ་བྱ་དང་ཕག་པ་ལ་སོགས་ཚང་མར་ཁ་ཡ་བྱ་ཐབས་བྲལ།   དེ་ནི་མ་འོངས་པའི་ཕུགས་རེ་ཡག་པོ་ཞིག་ཡིན་ཅིང་དེ་ལ་མི་དེ་བས་ཀྱང་མང་པོ་ཞིག་ཡར་འགྲེང་ནས།  སྤྱི་ཚོགས་ཧྲིལ་པོ་མདུན་དུ་བསྒུལ་ནས་དེ་ལ་ཉེ་རག་བར་དུ།   སྔོན་ལ་དེ་གཙང་མར་ཕྱིས་ནས་ཀུན་ལ་མཐོང་དུ་འཇུག་དགོས་སོ། །(རྩོམ་འགན་པ། རྟ་མགྲིན) 
འབྲེལ་ཡོད་རྩོམ་ཡིག