ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཞོར་ཟས་ཆུང་ཆུང་། གནོད་པ་ཆེ་ཆེ།

2015-04-02 ཚེ་རིང་རྣམ་རྒྱལ།
   སློབ་གྲྭ་མི་ཉུང་བའི་ཉེ་འཁོར་དུ་ཟས་རིགས་བཙོང་བའི་ཐང་ཁྲོམ་གྱིས་འདུས་ཚོགས་བྱས་འདུག ཟས་སྣ་འདི་དམིགས་ས་ནི་ལོ་ཆུང་བྱིས་པ་དག་རེད། མི་ལ་ལས་ཐུམ་སྒྲིལ་ཡག་ལ་རིན་གོང་བདེ་བའི་ཞོར་ཟས་ཆུང་ཆུང་འདིར་ཟུར་ལྔའི་ཟས་ཞེས་འབོད་ཀྱིན་འདུག བལྟས་ཚོད་ཀྱིས་ཁྲ་ཁྲ་རིག་རིག་ཞིམ་མདོག་ཁ་པོ་བྱེད་པའི་ཞོར་ཟས་ཆུང་ཆུང་འདི། དོན་ངོ་མར་ཅི་ཞིག་ཡིན་ནམ། 
   ཧོ་པེ་ཞིང་ཆེན་ཀུའུ་ཨན་རྫོང་ནས། གསར་འགོད་པ་སློབ་གྲྭ་ཞིག་གྲོལ་ཏེ་སློབ་མ་ཁྱུ་ཞིག་སློབ་གྲྭ་དང་བར་ཐག་རྨིད་བརྒྱ་ལྷག་ཡོད་པའི་ཚོང་ཁང་ཆུང་ཆུང་ཞིག་ཏུ་ཞོགས་པ་དང་ཁེལ། ཚོང་ཁང་ལས་ཕྱིར་ལོག་དུས། བྱིས་པ་རེ་རེའི་ལག་ཏུ་མ་མཐར་ཞོར་ཟས་རིགས་གཅིག་ནས་གཉིས་བཟུང་འདུག བྱིས་པ་ཚོས་གསར་འགོད་པར་བརྗོད་རྒྱུར། ཞོར་ཟས་འདི་དག་ཞིམ་པར་མ་ཟད་རིན་གོང་ཡང་བདེ་བར་ཟུར་ལྔ་ལྷག་རེད།
   སློབ་གྲྭའི་ཉེ་འཁོར་དུ་འདི་ལྟ་བུའི་སྣང་ཚུལ་གནས་པ་ཉུང་ཉུང་མ་རེད། གསར་འགོད་པས་སློབ་གྲྭ་གཞན་ཞིག་གི་སྒོ་ནས། སློབ་གྲྭ་གྲོལ་བའི་སློབ་མ་རྣམས་སྐོར་དང་སྐོར་གྱིས། ཉེ་ལོགས་སུ་གནས་པའི་རང་འདེམ་ཚོང་ཁང་ཆུང་ཆུང་གཉིས་ཀྱི་ནང་དུ་རྒྱུན་ཆད་མེད་པར་བཞུར་ཏེ་ཞོར་ཟས་ཉོ་བ་མཐོང་། ཟུར་ལྔ་ཡས་མས་ཀྱི་སྣུམ་བཙོས་ཕྱེ་རིགས་དང་ལྦོས་བཟོས་ཟས་རིགས། ཀ་ར། ཤིང་དོག་བྲོ་ལྡན་བཏུང་བྱ་སོགས་ནི་བྱིས་པ་ཚོ་དགའ་མོས་བྱེད་སར་གྱུར། ཁོ་ཚོས་གསར་འགོད་པར་བརྗོད་རྒྱུར། ཕ་མས་ཉིན་རེར་སྒོར་གཅིག་ནས་ལྔ་བར་གྱི་དངུལ་སིལ་སྟེར། དེ་དག་ལས་ཕལ་མོ་ཆེ་ཞོར་ཟས་ཉོ་སྤྱད་བྱས། ཉིན་རེར་ཉུང་ན་རིགས་གཅིག་དང་གཉིས། མང་བར་རིགས་བཅུ་ལྷག་ཉོ་ཐུབ། རང་འདེམ་ཚོང་བདག་གིས་གསར་འགོད་པར། ཞོར་ཟས་ཆུང་ཆུང་འདིས་རིགས་ལ་བྱིས་པས་དགའ་མདོག་ཁ་པོ་བྱེད་ལ། ཁོ་ཚོས་ཚོང་ཕལ་ཆེ་བ་སྡེབ་ཁྲོམ་ལས་བླངས་པར་བརྗོད།
   རྫོང་ཐོག་གི་སྡེབ་ཚོང་བར་ཞོར་ཟས་འདི་དག་གི་ཐོན་སྐྱེད་གནས་ཚུལ་གསལ་ཆ་མེད་ཀྱང་། ཁོ་ཚོར་རང་ཉིད་ཀྱི་མི་ཟ་ལ། རང་ཉིད་བྱིས་པར་བཟའ་རུ་འཇུག་མི་ཉན་པར་གསལ་ཆ་ལྷང་ངེ་བ་ཞིག་འདུག གསར་འགོད་པས་དེའི(རང་ཉིད་ཀྱི་ཟས་སུ་མི་རུང་བར་འདོད)རྒྱུ་མཚན་དྲིས་པ་ན། “དེར་རྒྱུ་མཚན་ཞིག་དགོས་སམ། ཟས་པ་མང་ན་མི་ལ་ཕན་ཞིག་གང་ན་ཡོད། བརྙན་འཕྲིན་དུ་ཨོང་ལོ་འཕུད་ཀྱིན་འདུག་ལ། སློབ་གསོ་ཅུས་ཀྱིས་ཚོགས་ཐོག་ཏུ་སློབ་གྲྭའི་སྒོ་འགྲམ་ནས་འདི(ཞོར་ཟས)བཙོང་མི་ཆོག་པར་བཏང་། ལྟོས་དང་སློབ་གྲྭ་གང་གི་སྒོ་འགྲམ་དུ་མི་འདུག བཙན་པོ་བྱེད་ན་རང་འདེམ་ཚོང་ཁང་ཚང་མས་སྒོ་གཏན། འགྱངས་པ(བཙན་པོ་བྱེད་པ)ན་སྐོར་ཞིག་གིས་སླར་ཡང་ཕྱེ་ཡོང་།”
   སྡེབ་ཚོང་བ་རང་ཉིད་ཀྱིས་ཀྱང་ཟས་སུ་མི་འདོད་པའི་ཟས་རིགས་འདི་དོན་ངོ་མར་དངོས་པོ་ཅི་ཞིག་ཡིན་ནམ། “ལག་འབོམ”དུ་འབོད་པའི་གཤེར་གཟུགས་ཁ་གཙང་ཐང་ཆུ་རིགས་ཤིག་འདུག བཏུང་བྱ་འདིར་བལྟས་ཙམ་གྱིས་གཏོར་ཁ་ནག་ཐིག་གིས་ཁྱབས་པ་ལྷང་ངེར་རེད། དམ་བེ་བཅུ་གཉིས་ཡོད་པའི་སྒམ་ཧྲིལ་ཞིག་ཏུ་ཤོག་བྱང་ཆུང་ཆུང་གཅིག་ལས་མི་འདུག དེའི་ཐོག་གི་ཐོན་སྐྱེད་བཟོ་གྲྭ་ནི“ཁྲའོ་ཨན་རྫོང་ཨན་ཕུའུ་གྲོང་རྡལ་མཱེ་ཞིས་འོད་གསར་བཟའ་བཅའ་བཟོ་གྲྭ”ཞེས་བཀོད་འདུག གསར་འགོད་པས་རྒྱལ་ཁབ་ཟས་སྨན་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་གཞུང་ཕྱོགས་དྲ་བ་དང་གནས་འདིའི་བཟོ་ཚོང་སྡེ་ཁག་ལ་བཟོ་གྲྭ་འདི་རྩད་གཅོད་བྱས་ཀྱང་། འབྲེལ་ཡོད་གནས་ཚུལ་དིལ་ཙམ་མ་རྙེད།  གསར་འགོད་པས་སྡེབ་ཁྲོམ་དང་རང་འདེམ་ཚོང་ཁང་ནས་བྱིས་པ་རྣམས་དགའ་མདོག་བྱེད་པའི་ཞོར་ཟས་རིགས་ཉི་ཤུ་ཉོས་ཏེ། རྒྱལ་ཁབ་ཟས་སྨན་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་གཞུང་ཕྱོགས་དྲ་བ་རུ་རེ་རེ་བཞིན་འཚོལ་ཞིབ་བྱས་པར། ཞོར་ཟས་རིགས་བཅུ་གཅིག་གི་ཐོན་སྐྱེད་བཟོ་གྲྭ་རྙེད་རྒྱུ་མ་བྱུང་། འདི་ལྟ་བུའི་ཟས་ལ་གཙང་སྦྲ་ཞན་པའི་ཉེན་ཁ་ཆེ་བར་མ་ཟད། དེ་བས་ཀྱང་བློ་མི་བདེ་ཞིག་ནི། ཁྲིམས་འགལ་ཐོན་སྐྱེད་བཟོ་གྲྭ་འདི་དག་གིས་དེའི་ནང་སྦྱོར་རྟ་ཅི་ཞིག་བསྲེས་ཡོད་པ་གནམ་གྱིས་མཁྱེན།
   དེ་ན་ཚད་ལྡན་ཐོན་སྐྱེད་བཟོ་གྲྭ་ལས་ཐོན་པའི་ཞོར་ཟས་ནི་གང་འདྲ་རེད། གསར་འགོད་པས་ཚད་ལྡན་བཟོ་གྲྭ་ཡིན་ལ་བཟའ་བཅའ་ཐོན་སྐྱེད་ཆོག་པའི་བཀའ་རྒྱ་ཐོབ་པའི་ཟས་སྣ་བརྒྱད་ཀྱི་ཁྲོད་ནས་ལག་ཏུ་གང་ཐོན་གྱིས་བྲོ་བསྙམས་ཕྱེ་བཟོས“ཡི་ག་འབྱེད་སྐུད”ཅེས་པ་ཞིག་ཁྱེར་ཏེ། རྒྱལ་ཁབ་བཟའ་བཅའ་ཞིབ་བཤེར་ལྟེ་གནས་སུ་ཕྱིན། ལག་རྩལ་བས་ཕྱོགས་གསུམ་གྱིས་ཞིབ་བཤེར་བྱས་པ་ན། ཟས་སྣ་འདིའི་བྲོ་མངར་རྒྱུ་ཚད་བརྒལ་བྱུང་བ་མཐོང་།
   ཆེད་མཁས་པས་གསར་འགོད་པར་བརྗོད་རྒྱུར། བྲོ་མངར་རྒྱུ་མང་དྲགས་ན། མིའི་མཆིན་པ་དང་དབང་རྩའི་མ་ལག་ལ་གནོད་པར་མ་ཟད། རྙིང་ཚབ་གསར་འབྱེད་ཀྱིས་དུག་འབྱིན་ནུས་པ་ཞན་པའི་ལོ་ལོན་དང་སྦྲུམ་མ། བྱིས་པར་གནོད་པ་ལྷག་ཏུ་མངོན་གསལ་ཡིན། ཉེ་བའི་ལོ་འགར། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་སློབ་རའི་ཉེ་འཁོར་གྱི་ཞོར་ཟས་ཆུང་ཆུང་འཆུན་འདོམས་དང་གཙང་བཤེར་བྱེད་དུས་ཀྱང་། བྲོ་མངར་རྒྱུ་ཚད་བརྒལ་གྱི་གནད་དོན་གང་སར་ཁྱབ་འདུག དེ་ལས་གཞན། ཞོར་ཟས་འདི་དག་ཡང་དང་བསྐྱར་གྱིས་གཙང་བཤེར་རྟོག་ཞིབ་ཁྲོད། རུལ་འགོག་རྫས་ཚད་བརྒལ་དང་མདོག་རྒྱུ་གང་འདོད་ཀྱིས་སྤྱད་པའི་གནད་དོན་ཡང་གང་མང་འདུག མདོག་རྒྱུ་དང་རུལ་འགོག་རྫས་མང་དྲགས་ན་བྱིས་པ་འཚར་ལོངས་འབྱུང་བར་གནོད་པ་ཤིན་ཏུ་ཆེ། ཚོད་ལྟ་ཁ་ཤས་ལས། མདོག་རྒྱུ་སྤྱད་ན་བྱིས་པ་འཚར་ལོངས་དལ་བར་མ་ཟད་བྱིས་པའི་རིག་རྟུལ་ནད(ADHD)དང་འབྲེལ་བ་ངེས་ཅན་ཡོད་པ་བསྟན་ཡོད། 
   གོང་སླ་བའི་ཟས་སྣ་འདི་དག་ལ་མངོན་མེད་རྐྱེན་ངན་མང་ན་ཡང་། ཚོང་བ་དང་ཁེ་ལས་ལ་མཚོན་ན། ཁེ་སྤོགས་ཟ་བའི་གོ་སྐབས་དགའ་ཞིག་ཏུ་གྱུར་ཡོད། ཧོ་ནན་སྡེབ་ཁྲོམ་ག་གེ་མོའི་སྡེབ་ཚོང་བས་གསར་འགོད་པར། ཟས་སྣ་འདི་བྲིན་ཆེ་བར་བཤད། ཧོ་ནན་བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱི་ལས་གཉེར་བས་སྟོན་རྒྱུར། བྲིན་ཆེ་བ་ཞིག་ཉིན་རེར་ཤོག་སྒམ་སྟོང་ཁ་ཤས་དང་ཐ་ན་ཁྲི་ཡས་མས་བཙོང་གིན་འདུག
ཁྲིམས་འགལ་དང་ཡང་ན་ཚད་བརྒལ་གྱིས་སྦྱོར་རྟ་འདུག་ལ། བྱིས་པའི་བདེ་ཐང་འཇིགས་སྐུལ་བར་བྱེད་པ་ནི། ཟུར་ལྔའི་ཞོར་ཟས་འདི་དག་གི་སྤྱིའི་ཁྱད་ཆོས་ཡིན། རྒྱལ་ཡོངས་སུ་བལྟས་ཀྱང་ཆོག ཞིང་གྲོང་ནས་གྲོང་ཁྱེར་དུ་བལྟས་ན་འདྲ། ཟུར་ལྔའི་ཞོར་ཟས་འདི་ལོ་ལོར་ངག་ནས་དགག་ཀྱང་། ཆུ་མགོ་ཆོད་པ་ཞིག་གཏན་ནས་བྱུང་མི་འདུག དེ་ན། ཐོན་སྐྱེད་ནས་སྡེབ་ཚོང་དང་། སིལ་ཚོང་སོགས་ཀྱི་འགག་ཕྲེང་རེ་རེ་ནས་གནོད་ལྡན་ཞོར་ཟས་ཆུང་ཆུང་འདི་ཚུགས་སུ་མི་ཆུད་དོན་ཅི། བལྟས་ཡོང་ན་གནད་དོན་འདི་དཀའ་སླ་ཞིག་ལ་ཐུག་མེད་པར་ལངས་ཕྱོགས་ལ་རག་འདུག་གོ  །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག