ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

གནམ་ཁབ་རྒྱག་པ་ནི་རང་སྲོག་རང་གིས་གཅོད་པ་དང་མཚུངས།

2014-12-24 སྙིང་མོ།
  ཕྱི་གླིང་བར་མཚོན་ན་གནམ་ཁབ་རྒྱག་རྒྱུ་ནི་གཤགས་བཅོས་ཆུང་ཆུང་ཞིག་བྱེད་པ་དང་མཚུངས། ཡིན་ཡང་རང་རྒྱལ་གྱི་སྨན་ཁང་དག་གིས་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཆེད། གནམ་ཁབ་མི་རྒྱག་པའི་སྨན་པ་གང་དེ་སྨན་ཁང་ནས་རྐང་འཛུགས་དཀའ་བའི་གནས་སུ་གྱུར་ཡོད།
  ཀྲུང་གོའི་ཉེན་མེད་སྨན་ཁབ་རྒྱག་པའི་མནའ་འབྲེལ་གྱི་སྡོམ་རྩིས་ལྟར་ན། རང་རྒྱལ་དུ་ལོ་རེའི་ནང་ཉེན་ཁ་ཅན་གྱི་སྨན་ཁབ་བརྒྱབ་པར་རྐྱེན་བྱས་ནས་ཚེ་སྲོག་ཤོར་བའི་མི་གྲངས་ཁྲི ༣༩ ཡན་ལོན་ཡོད། དེང་སྐབས་སྡེ་བའི་འཕྲོད་བསྟེན་ཁང་ངམ་སྨན་ཁང་དག་གིས་དངུལ་བསྡུ་བའི་ཆེད“ནད་གང་ཡིན་ལ་གནམ་ཁབ་རྒྱག་པའི་”སྣང་ཚུལ་དེ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། ཐ་ན་སོ་ན་བ་དང་ཆམ་པ་ཕོག་པ་ལ་སོགས་པའི་ནད་རིགས་ཆུང་ངུ་ཙམ་ལའང་གནམ་ཁབ་རྒྱག་གི་འདུག
  ཆེད་མཁས་པས་བརྟག་དཔྱད་བརྒྱུད ༩༥% ཡན་གྱི་མིས་གང་བྱུང་དུ་གནམ་ཁབ་རྒྱག་པ་དང་ཉེན་ཅན་གྱི་སྨན་ཁབ་བརྒྱབ་པའི་གནོད་འཚེ་ཤེས་ཀྱི་མེད་པ་རྟོགས་ཡོད། འཛམ་གླིང་གི་འཕྲོད་བསྟེན་རྩ་འཛུགས་ཀྱི་སྡོམ་རྩིས་ལ་གཞིགས་ན། ༧༠% ཡན་གྱི་གནམ་ཁབ་ནི་དགོས་མེད་ཡིན་འདུག་པས། གང་བྱུང་དུ་གནམ་ཁབ་རྒྱག་པ་དེས་མིའི་རིགས་ལ་གོད་ཆགས་ཆེན་པོ་བཟོས་ཡོད་ཅིང་། རང་རྒྱལ་ནི་ཏག་ཏག་དེའི་ནང་གིས་ཀྱང་གོད་ཆགས་ཆེ་བའི་གནས་དེ་ཡིན་འདུག
  རྒྱལ་ཁབ་ཕྱི་ནང་གི་གསོ་རིག་མཁས་ཅན་དག་གིས་“སྨན་པས་སྨན་སྟེར་དུས་བཏུང་སྨན་བསྟེན་ཆོག་པར་སྨན་ཁབ་མི་རྒྱག་རྒྱུ་དང་། དཔྱི་ཁབ་བརྒྱབ་ཆོག་པར་གནམ་ཁབ་མི་རྒྱག་པའི་རྩ་དོན་སྲུང་རྒྱུའི” རེ་འབོད་བྱས་ཡོད། གལ་སྲིད་རྩ་དོན་འདི་དང་འགལ་ཏེ་གང་བྱུང་དུ་གནམ་ཁབ་ལ་བསྟེན་ན། འབྲས་བུ་ངན་པ་འབྱུང་སྲིད་ལ་ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཡོང་སྲིད། དེའི་རྒྱུ་མཚན་ནི་སྨན་དང་ཆུ་གཉིས་ཀ་བཙན་གྱིས་མིའི་ཟུངས་ཁྲག་ནང་དྲངས་པ་དེ་ནི་བཏུང་བྱའི་སྨན་ལས་གནོད་པ་ཆེ་བས་ཡིན་འདུག ནད་ཐོག་ལག་ལེན་ནས་ཤེས་གསལ། གནམ་ཁབ་ནང་བསྲེས་པའི་སྨན་སྣ་རིགས་ཇི་འདྲའི་མང་ན། དེའི་དུག་གི་གནོད་སྐྱོན་ཡང་དེ་ལྟར་དུ་ཆེ་བ་མ་ཟད་རྡུལ་ཕྲན་ཧ་ཅང་མང་དུ་འཕར་འགྲོ་གི་འདུག གལ་སྲིད་གནམ་ཁབ་ནང་སྨན་སྣ་བདུན་འདུས་ཚེ། དེའི་དུག་གི་གནོད་སྐྱོན་ནི ༥༠% ཡན་འཕར་འགྲོ་གི་ཡོད།
  མིའི་ལུས་སྟེང་གི་ཆེས་ཕྲ་བའི་ཁྲག་རྩའི་ཚངས་ཐིག་ནི་ཝའེ་སྨི ༤ ནས ༧ ཙམ་ཡིན། གལ་སྲིད་དུས་རྒྱུན་གནམ་ཁབ་བརྒྱབ་པ་ཡིན་ན། སྨན་ཁུའི་ནང་གི་ཝའེ་སྨི ༤ ལས་བརྒལ་བའི་རྡུལ་ཕྲན་དག་སྙིང་དང་། གློ་བ། མཆིན་པ། མཁལ་མ། ཤ་གནད། པགས་པ་ལ་སོགས་པའི་ཁྲག་རྩ་ཕྲ་མོའི་ནང་གསོག་ཡོང་། འདི་ལྟར་དུས་ཡུན་རིང་པོ་འགོར་ཚེ་ཐད་ཀར་རྩ་ཕྲན་གྱི་ཁྲག་དབལ་དང་ཁྲག་ཤོར་བ། སྡོད་རྩའི་རྒྱོངས་ཤུགས་འཕར་སྣོན། གློ་བའི་འཕར་རྩ་མཐོ་གནོན། གློ་བ་ཚི་སྣ་ཅན་ལ་སོགས་པའི་ནད་བཟོ་བ་མ་ཟད་སྐྲན་ནད་དུའང་འགྱུར་སྲིད། རྡུལ་ཕྲན་འགག་པ་ཡིས་ད་དུང་ཁྲག་དང་དབྱང་རླུང་མི་འདང་བ་དང་ཆུ་བསགས་པའི་ནད། གཉན་ཚད་ལ་སོགས་ནད་ཀྱང་བསླང་ཡོང་།
  འོ་ན་གནས་ཚུལ་གང་འདྲའི་འོག་ཏུ་གཞི་ནས་གནམ་ཁབ་རྒྱག་འོས་སམ་ཞེ་ན། ཆེད་མཁས་པ་ལྟར་ན་གཤམ་གྱི་གནས་ཚུལ་གསུམ་ཁོ་ན་སྟེ། ཟས་སོགས་མིད་དཀའ་བའི་སྐབས་དང་། སྐྱུག་མེར་ལངས་པ་དང་ཁོག་པ་བཤལ་ཚབས་ཆེ་ནས་འཚོ་བཅུད་ཀྱི་བསྡུ་ལེན་ལ་བཀག་རྒྱ་བཟོས་ཡོད་དུས། དེ་མིན་ནད་གཞི་ཚབས་ཆེ་ཞིང་ནད་ངོ་ཇེ་སྡུག་དུ་ཕྱིན་མགྱོགས་པའི་སྐབས་བཅས་སོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག