ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཟ་ཁང་ནང་གི “ཕ་སྐད་གཙང་མ”

2014-12-15 དཔལ་གྲགས།
  ལོ་འདི་དག་ལ་འོ་སྐོལ་སྒང་བ་བོད་པ་ཚང་གི་རིག་གནས་སྣང་ཚུལ་ཆེས་རྣོ་ངར་ཅན་དང་ཡོངས་ཁྱབ་ཅན། དོན་འཁྱོལ་ཅན་དང་མུ་འབྲེལ་ཅན་གཅིག་ནི། ཕ་སྐད་གཙང་མ་ཞིག་ཇི་ལྟར་བཤད་པའི་གཞུང་ལུགས་ཀྱི་གྲོས་འཆར་དང་དངོས་འབྲེལ་གྱི་ལས་ཀ་དེ་དག་རེད་བསམས། རིག་གནས་ཀྱི་རྩེ་མོའི་ངོས་ནས་བོད་ཀྱི་ཤེས་ལྡན་པ་དག་གིས་གསར་བྱུང་ཐ་སྙད་ཀྱི་མིང་མཛོད་དག“བློ་གྲོས་བསྡུར་བས་ལེགས་ལ་སྦྱར”བ་དང་། རིག་གནས་ཀྱི་རྩ་བའི་ངོས་ནས་སྦྲགས་སྐད་སྨྲ་བ་ཉེས་ཤིང་ཕ་སྐད་གཙང་མ་སྨྲ་བ་ལེགས་པའི་ཀུན་སྤྱོད་དེ་དམངས་ཕལ་བའི་འདུ་ཤེས་ཀྱི་ངོ་བོར་བསྲེས་པས། མི་མང་ཚོགས་ས་ནས་སྦྲགས་སྐད་འཆོར་མཁན་གྱི་ངོ་མདངས་དམར་པོར་འགྱུར་བ་དང་སྦྲགས་སྐད་འཆོས་མཁན་གྱིས་མགོ་འཕངས་གནམ་ལ་བསྟད་འགྲོ། འདི་ནི་ཕ་སྐད་གཙང་མ་སྨྲ་བའི་བྱ་གཞག་གི་རྨང་རྡོར་གྱུར་པའི་ཀུན་སྤྱོད་ཀྱི་སྟོབས་ཤུགས་ཤིག་ཅིས་མ་ཡིན།
  ཕ་སྐད་གཙང་མ་སྨྲ་བ་དོན་ཐོག་ཏུ་འཁྱོལ་ཆེད་དངོས་འབྲེལ་གྱི་ལས་ཀ་འདྲ་མིན་སྣ་ཚོགས་ཤིག་ལས་པའི་ནང་ནས། ཆེས་རྒྱུག་ཆེ་ཞིང་འབུར་དུ་ཐོན་པ་ཞིག་ནི་བོད་འགྱུར་གསར་བྱུང་ཐ་སྙད་ཀྱི་མཁོ་འདོན་རེད། འདི་ན་གཙོ་ཕལ་གོ་ལྡོག་པའི་གནད་ཅིག་ཡོད། ཐོག་མར་ཐ་སྙད་གང་དེ་བཀོལ་སའི་ཡུལ་དུས(情景)ཀྱི་འཛུགས་སྐྲུན་ནི་ཤིན་ཏུ་འགངས་ཆེ། དེ་མེད་ཚེ་དཔེ་འདིའི་རྗེས་སུ་འགྲོ་ཉེན་ཆེ་སྟེ། ང་ཚོས་མི་མེད་ལུང་སྟོང་ཞིག་ཏུ་ཟམ་པ་ཞིག་བཙུགས་ནས་སྐྱེ་བོ་ཚོར་དེ་རུ་ཟམ་ཞིག་བཙུགས་ཡོད་པའི་བརྡ་གཏོང་རྒྱུ་བརྗེད་སོང་བ་ནང་བཞིན་རེད། སྣང་ཚུལ་དེ་ཤུགས་ཆེ་རུ་སོང་ནས་བོད་མི་རེ་རེའི་སེམས་སུ་གསར་བྱུང་ཐ་སྙད་བོད་དུ་བསྒྱུར་བ་ནི་ཕ་སྐད་དོ་དམ་གྱི་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་རེད་བསམས་པ་དང་། དེ་དང་བསྟུན་ནས་བོད་པའི་སྤྱི་ཚོགས་སུ་ཡང“དུངས་ཞེན་ཅན་གྱི་ལོ་ཙཱ་བའི”སྡེ་ཞིག་ཐོན། དེ་ཡི་མཚན་གཞིར་རུང་བ་གཅིག་ནི་ཁོ་བོའི་གླེང་བྱ་དངོས་ཏེ་ཟ་ཁང་ནང་གི་“ཕ་སྐད་གཙང་མ”འདི་ཡིན།
  དགུན་དུས་ཤིག་ལ་ང་རང་བོད་ཀྱི་གྲོང་ཁྱེར་ག་གེ་མོའི་ཟ་ཁང་ག་གེ་མོའི་ནང་དུ་འདར་ལྷབ་ལྷབ་ངང་འཛུལ་བ་ཡིན། ནང་དུ་འཛུལ་རྗེས་ང་ལ་ཟ་མ་གང་གང་ཡོད་ཅེས་འདྲི་ཁོམ་མ་བྱུང་བར་སྦྱིན་བདག་མ་དེས་ཟ་ཁང་གི་མདུན་ཐོག་སྟེང་དུ་མཛུབ་མོས་བསྟན་ཏེ་དེར་གསལ་བོར་བྲིས་ཡོད་པའི་ཚུལ་བསྟན། མདུན་ཅོག་དེའི་སྟེང་དུ་ཤེལ་དྭངས་མོ་ཞིག་གིས་ཟས་ཐོ་གཉིས་མནན་ནས་བཞག་འདུག ཟས་ཐོ་དེ་གཉིས་ལ་ཞིབ་ཏུ་བལྟས་པས་ངས་རེ་ཞིག་ལ་ཟ་མ་གང་དགོས་བཤད་རྒྱུའང་བརྗེད་དེ་འདང་རྒྱག་གི་ནང་དུ་ལྷུང་།
  ཐོག་མར་ཟས་ཐོའི་བྱེད་པོ་གང་དེ་བོད་དང་བོད་ཀྱི་ཕ་སྐད་གཙང་མའི་ལས་དོན་ལ་དུངས་ཞེན་ཆེ་མཁན་ཞིག་ཡིན་ཤག་རེད། ཁོང་གིས “རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས”དེ་ཕྱི་རུ་མངོན་ཆེད། རང་གི་ནུས་པ་ག་འདྲ་ཡིན་མིན་ལ་ཁ་ཡ་མ་བྱས་པར་བོད་ལ་སྲི་ཞུ་ཅུང་ཟད་བསྒྲུབ་འདོད་ཀྱིས། རྒྱའི་ཡི་གེ་དེ་དག་གི་གཟུགས་རེ་རེ་བཞིན་བོད་ཀྱི་ཡི་གེའི་གཟུགས་ལ་བརྗེས། དེ་ནས་མཛེས་བཟོའི་ཤོག་བུའི་ངོས་སུ་དཔར་ཏེ་དྭངས་གསལ་ཤེལ་གྱིས་མནན། ད་ནི་བོད་རིགས་མགྲོན་པོ་སུ་ཡིན་ཡང་ཟས་མིང་བཤད་པར་ཐོགས་རྡུགས་ག་ལ་ཡོད།
  དེའི་འཕྲོ་ནས་བྱེད་པོ་གང་དེས་དྲེད་མོང་གིས་བྱི་བ་བརྐོས་པའི་གཏམ་རྒྱུད་ཅིག་འཁྲབ་འདུག་སྟེ། དེ་ནི་བོད་ལ་ཕ་སྐད་གཙང་མ་བསླབ་ས་ནས་སྦྲགས་སྐད་བསྲེས་མ་ལོབས་སོང་བའི་རྒྱུ་འབྲས་གོ་ལྡོག་གི་ངལ་རྩོལ་གྱི་གོ་རིམ་ཞིག་རེད། 干饺ལ་གན་ཅོ་དང烩面ལ་དཔེ་མེན་དུ་བསྒྱུར་བས། མགྲོན་པོ་ཚོས་ང་ལ་གན་ཅོ་དཀར་ཡོལ་གང་དགོས་ཟེར་བའམ་ཁྱེད་ཚང་གི་དཔེ་མེན་ཞིམ་པོ་འདུག་གམ་ཟེར་བ་ལ་སོགས་པའི་སྐད་ཆ་བཤད་ཡོང་བར་ཐེ་ཚོམ་ཅི།
  རིག་གནས་སྣང་ཚུལ་དེ་རླུང་བུ་ཞིག་དང་འདྲ་བར་གྲོང་ཁྱེར་དེའི་ཡ་ཡོ་ཀྱག་ཀྱོག་གི་སྲང་ལམ་ཀུན་ཏུ་ལྡང་བ་ན། ཟ་ཁང་གཞན་དག་གིས་ཀྱང་དྲི་མ་དེ་རང་ཤུགས་ཀྱིས་ཚོར་ནས་ཟས་ཐོ་སྔོན་ནས་ཡོད་པ་དག་གིས་བཟོ་བཅོས་བརྒྱབ་ཅིང་མེད་པ་དག་གིས་གོང་དང་འདྲ་བ་ཞིག་གསར་དུ་བཟོས། རླུང་བུ་འདི་ད་དུང་ཕྱོགས་གཞན་ཞིག་ལ་གཡུག་གྲབས་འདུག ཡང་ན་སྔར་ནས་གཡུགས་ཟིན། ང་ཚོས་འདི་ལ་ཁ་ལོ་བྱེད་དགོས་སམ། ཁོ་བོས་འདི་ལ་ལན་མ་རྙེད་གོང་ནས་རྩོམ་འདི་འབྲི་དགོས་བྱུང་སོང་། རྒྱུ་མཚན་ནི། ཟ་ཁང་ནང་གི་ཕ་སྐད་གཙང་མ་འདིས“དུངས་ཞེན་ཅན་གྱི་ལོ་ཙཱ་བ”ཞིག་ལྷང་ལ་ཕུད་ཅིང་། “དུངས་ཞེན་ཅན་གྱི་ལོ་ཙཱ་བ”དེ་ཚོ་ནི་འུ་ཚོས་ཅིས་ཀྱང་ཁ་ལོ་བྱེད་དགོས་པའི་ཁྲམ་པ་བསམ་དཀར་རེ་རེ་ཡིན་པའི་གནད་གྱིས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག