ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

“《དག་ཡིག་གསར་བསྒྲིགས》”ནང་གི་ང་ཚོ།

2014-11-19 མི་ལ་ཙི་ཙི།
གླེང་གཞི།
   《ཞལ་འདོན་ཕྱོགས་བསྒྲིགས》ནི་འུ་ཅག་བོད་ཀྱི“བསྟན་པ་ཕྱི་དར་རྗེས་མའི” “འདུལ་བ་དྲེལ་རྒྱབ་གང”སྐད་པ་དེ་ཡིན་པར་ཁོ་བོས་འདོད། མ་ཟད་བོད་ཀྱི་དཔེ་སྐྲུན་ཚོང་རའི་བྲིན་ལ་རྒྱུག་ཆེ་བའི་དཔེ་དེབ་ཉག་གཅིག་པོ་ཡང་མིན་པར་མི་སྙམ། དེ་རིང་འདིར་གླེང་འདོད་པ་ནི། འགྲེམ་སྤེལ་གྱི་གཞི་རྒྱ་ནས་ཁྱབ་གདལ་གྱི་ཆེ་ཆུང་བར《ཞལ་འདོན་ཕྱོགས་བསྒྲིགས》ཀྱི་ཁ་ཡ་དོ་ཟླར་ཕེར་མྱོང་བའི་དཔེ་དེབ་གཞན་ཞིག་སྟེ། ཀ་ངོ་ཡིག་ངོ་གཅོད་དུས་ཙམ་དུ་མ་ཟད། དེ་རིང་གི་བྱ་བའི་ཁྲོད་ནས་འུ་ཚོས་ད་དུང་ཡང་སྔར་བཞིན་སློག་དགོས་པའི་བོད་ཀྱི་ཡིག་མཛོད་ཆུང་ངུ《དག་ཡིག་གསར་བསྒྲིགས》ཡིན། 
   “ཁ་མི་གྲགས་པའི་དགེ་རྒན”འབོད་མིང་སྙིང་རྗེ་བོ་འདི་ནི་བརྒྱ་ལོ་སྔོན་མར《དག་ཡིག་གསར་བསྒྲིགས》ལ་གདགས་པའི་བཀུར་མིང་ངམ་གཅེས་མིང་ཞིག་རེད། དེ་ཡང་བསྙོན་དུ་མེད། 《རྒྱ་བོད་མིང་མཛོད་ཆེན་མོ》སོགས་མ་བྱུང་བའི་སྔོན་དུ། 《དག་ཡིག་གསར་བསྒྲིགས》ལས“ཁ་མི་གྲགས་པའི་དགེ་རྒན”གཞན་ཞིག་རྙེད་རྒྱུ་ཤིན་ཏུ་ཁག དེ་རིང་ཕྱིར་དྲན་བྱས་ན། བྱིས་པའི་དུས་སུ། བོད་སྲོལ་རྒྱུན་སློབ་གསོའི་ཁྲོད་རྒན་པ་དང་དགེ་རྒན་སོགས་ཀྱིས་དྲང་མོར་ཁྲིད་མི་ཡོང་བའི“ཕོ་མོ”“བརྩེ་དུངས” “འདོད་ཆགས” “མཚན་མ” “ལྷ་འདྲེ”“ རྨི་ལམ ” “རྣམ་ཤེས”ལྟ་བུའི་གསང་བ་ལྐོག་ཏུ་གྱུར་བའི་ཐ་སྙད་དང་། དེས་མཚོན་པའི་ལུས་ཁམས་སེམས་ཁམས་ཀྱི་སྣང་ཚུལ་དག་ཀྱང་། བདག་མོ་ཁྱིམ་ན་མེད་པའི་གླགས་དང་བསྟུན་ཏེ། ཞུམ་བུ་ཁྲ་རིལ་གྱིས་འོ་ཟོའུ་ལས་འོ་མ་འཇབ་བུས་ལྡེག་པ་ཇི་བཞིན། གྲུ་ཟུར་ཞིག་ལ་ཡིབ་སྟེ་བདག་གིས“ དགེ་རྒན”འདི་ལས་རབ་བེ་རིབ་བེར་ཡིད་ཚོད་བྱས་མྱོང་། དེ་བས《ཞལ་འདོན་ཕྱོགས་བསྒྲིགས》དང་ཐ་དད་པར་ཡོད་པ་ནི། 《དག་ཡིག་གསར་བསྒྲིགས》ཀྱིས་ཆེས་ཐོག་མར་ཅུང་ཙམ་ཚན་རིག་གི་སློབ་གསོའི་སྨྲ་བརྗོད་ཀྱིས། སྐབས་དེའི་ང་ལྟའི་བྱིས་པ་ཚོའི་འཇིག་རྟེན་མཚར་འཛིན་གྱི་བློ་སྒོ་དེ་ཡང་མོའི་ངང་རྡུང་རོགས་བྱས་ཡོད་པ་དེ་རེད། 
   དེའི་ཕྱིས་ཀྱི་ལོ་ངོ་སུམ་ཅུའི་ནང་། 《རྒྱ་བོད་མིང་མཛོད》《རྒྱ་བོད་མིང་མཛོད་ཆེན་མོ》《རྒྱ་བོད་ཤན་སྦྱོར》《སྐད་ལྔ་ཤན་སྦྱར》《དུང་དཀར་ཚིག་མཛོད་ཆེན་མོ》སོགས་སྒྲ་ཚིག་གི་དག་ཡིག་མང་དག་གིས་ནི། སྣ་འཛོམས་འཐུས་ཚང་དང་ཁ་གསལ་དོན་སྡུད་སྒོས་བོད་གནའ་དེང་ཕྱི་ནང་གི་རིག་པའི་ཆ་འཕྲིན་ཀློང་དུ་ཡངས་པ་ཁུར་དུ་བསྣམས་ཏེ་ཆར་རྗེས་ཀྱི་ཤ་མོ་བཞིན་འུ་ཚོའི་སློབ་སྦྱོང་ལ་ཉེ་བར་བཅར། མ་ཟད། 《བློ་བཟང་གློག་རྡུལ་ཚིག་མཛོད》《སྨོན་ལམ་བོད་ཡིག་ཚིག་མཛོད》ལྟ་བུའི་མིང་མཛོད་གསོག་སྣོད་དག་ནི་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས། སྲོལ་རྒྱུན་ཤོག་བུའི་པར་ལས་རིང་དུ་བརྒལ་ཏེ་དེང་རབས་གློག་རྡུལ་པར་དུ་ཡང་ཐོད་རྒལ་བྱས་ཡོད་པ་རེད། ད་དུང་ཡི་གེ་དང་ཚིག་གི་མཛོད་འདི་དག་གི་སྒྲིག་གཞིའི་འོས་འཚམས། པར་གྱི་གསལ་དག ཐ་སྙད་ཀྱི་ཤོང་རྒྱ། འགྲེལ་སྦྱོར་གྱི་ཞུན་ཐར། འཚོལ་སྔོག་གི་སྟབས་བདེ་སོགས་བེད་ནུས་མ་ལག་གི་ཕྱོགས་གང་ཅིའི་ཐད་ནས་བལྟས་ན་ཡང་། དེ་རིང་ཐོག་མར་བོད་ཀྱི་རིག་པར་འཇུག་པའི་གཞོན་ནུ་ཞིག་ལ་མཚོན་ན་ནི། ཤེས་བྱའི་ལྡེ་མིག་སྐགས་གང་ལག་སོན་བྱུང་བ་རེད་ཅེས་སྨྲས་ན་ཅུང་ཙམ་ཡང་ཐལ་མི་འདུག སྐབས་འདིར་འུ་ཚོ་ཁ་ཕྱིར་འཁོར་ལ་རང་རང་གི་དཔེ་སྒྲོམ་གྱི་གྲུ་ཟུར་ན་ཅུང་ཞིག་རྙིང་ཞད་ཀྱིས་ཡོད་པའི།“ཁ་མི་གྲགས་པའི་དགེ་རྒན” 《དག་ཡིག་གསར་བསྒྲིགས》ལ་ཟུར་མིག་ཅིག་བལྟ་ཡོང་། ཉམ་ཆུང་ལ་འཁོས་ཞན་པ། མདོག་ཡལ་ལ་མདངས་ཤོར་བ་ཕུད། “དགེ་རྒན”འདིས་ད་དུང་འུ་ཚོ་དང་། སྒོས་སུ་འུ་ཚོའི་བྱིས་པ་ཚོར་མི་བདེ་བའི་ངག་སྒྲ་དིག་པོ་ཞིག་བསླབ་ཀྱིན་འདུག དེ་ནི་ཅི་ཞིག་ཡིན་ནམ། 
 དང་པོ། “ཤད”། 
   “ལྷུག་པའི་དོན་མང་མིང་མཚམས་དང་། དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། ཚིགས་བཅད་ག་མཐར་ཆིག་ཤད་བྱ། རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། དོན་ཚན་ཆེན་པོ་རྫོགས་པ་དང་། ལེའུའི་མཚམས་སུ་བཞི་ཤད་དགོས། ང་ཡིག་མ་གཏོགས་ཡིག་ཤད་དབར། ཚེག་མེད་དེ་སོགས་ཞིབ་ཏུ་འབད།” —《ལེགས་བཤད་ལྗོན་པའི་དབང་པོ》 ལས། 
   བདག་གི་ལག་སྣེར་ཡོད་པའི《དག་ཡིག་གསར་བསྒྲིགས》ནི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1989ལོའི་ཟླ6པར་ཐེངས་དང་པོར་པར་འདེབས་དང་། 2004 ལོའི་ཟླ11 པར་ཐེངས་ལྔ་པར་དཔར་བསྐྲུན་བྱས་པ་རེད། ཐེངས་དེའི་དཔར་གྲངས་ནི75,000—85,000རེད། བོད་ཡིག་གི་དེབ་ཅིག་ལ་མཚོན་ན་དཔར་གྲངས་འདི་ནི་ཧ་ལས་དགོས་པའི་ཚད་དུ་ཐོན་འདུག ད་དུང་ཧ་ལས་དགོས་པ་གཞན་ཞིག་ཡོད་པ་ནི། ཡིག་མཛོད་འདིའི་མགོ་ནས་མཇུག་བར། མིང་དང་ཚིག དོན་ཆེ་ཆུང་གི་དབྱེ་མཚམས་རྣམ་པར་གཅོད་བྱེད་ནི “རིག་གསར”སྐབས་བོད་ཡིག་ཏུ་རྒྱུན་འབྱམས་སུ་བཀོལ་མྱོང་བའི་རྒྱ་ཡིག་གི་བརྡ་རྟགས་གཅོད་ཚེག。,、;:|སོགས་ལས། བོད་ཡིག་གི་ཤད་ནི་རྐང་ཐུར་གཅིག་ཀྱང་མཐོང་རྒྱུ་མི་འདུག 
   ཉེ་བའི་ཆར། རྒྱལ་ཁབ་རིམ་པའི་གསར་འགྱུར་པར་སྐྲུན་སྤྱི་ཁང་ནས་འབྲེལ་ཡོད་ཡིག་ཆ་བཀྲམ་སྟེ། ཅི་སྟེ་རྒྱ་ཡིག་གི་དཔར་བསྐྲུན་བརྩམས་ཆོས་ཤིག་ཡིན་ཕྱིན་ཚད་ལྡན་གྱི་རྒྱ་ཡིག་དང་བརྡ་རྟགས་བཀོལ་རྒྱུ་ལས། དབྱིན་ཡིག་གི་ཐ་སྙད་སོགས་ཕྱི་ཡོང་གི་སྐད་དང་ཡི་གེ། ད་དུང་དྲ་བའི་སྐད་བརྡ་སོགས་བཀོལ་རྒྱུར་སྔོན་འགོག་བྱ་དགོས་ཞེས། རྒྱ་ཡིག་འབྲི་ཀློག་ལ་དག་གཙང་དང་གྲ་འགྲིག་ཡོང་རྒྱུར། ཆེས་མཐོའི་སྲིད་འཛིན་དབང་ཆས་ཐད་ཀར་ཐེ་ཇུས་ནན་མོ་བྱས་འདུག འདི་ལ་རྒྱའི་དཔྱད་བརྗོད་པ་མི་ཉུང་བ་ཞིག་གིས་དོགས་སློང་ཡང་བྱེད་ཀྱིན་འདུག་མོད། འོན་ཀྱང་ཁོ་ཚོས་རང་གི་སྐད་དང་ཡི་གེར་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ཀུན་སློང་སྔོན་དུ་སོང་ཡོད་པ་ཚེགས་མེད་ཤེས་ཐུབ། ད་དུང་ཨ་རིའི “TheNextWeb” ཟེར་བའི་དྲ་ཚིགས་ཤིག་གིས་སྡོམ་རྩིས་བརྒྱུད་ཚོད་དཔག་བྱས་པ་ལྟར་ན། འབྱུང་འགྱུར་ལོ་ལྔ་ཡི་ནང་དུ་རྒྱ་ཡིག་ནི་དབྱིན་ཡིག་ལས་འཕར་བརྒལ་བྱས་ཏེ། འཛམ་གླིང་མཉམ་སྦྲེལ་དྲ་རྒྱའི་མངའ་བདག་ཏུ་འགྱུར་བར་ཐེ་མི་ཚོམ་ཟེར། བདག་གིས་བཤད་འདོད་པ་ནི། འདི་ལྟའི་ཡི་གེ་སྟོབས་དང་ལྡན་པ་ཞིག་ཀྱང་ཉམས་ཞན་ལ་དོགས་ཏེ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ན། འུ་བུ་ཅག་གི་ཉམ་ཆུང་བའི་ཀ་མད་སུམ་ཅུ་ལ་ད་དུང་འཚོ་བའི་གོ་གླགས་ག་ཙམ་ཡོད་སྲིད། སྒོས་སུ་ད་ལོ་ནས་བཟུང་། སློབ་གསོའི་སྐད་ཡིག་མ་ལག་སྤྱོད་སྒོ་ལས་དམའ་རུ་དབབ་པ་ཡིན་ན། ད་ནི་ཞང་ཞུང་གི་བར་དུ་ཁུངས་གཏུགས་ན་མི་ལོ་ཁྲི་ཕྲག་གི་ལོ་རྒྱུས་ཡོད་པའི་ཡི་གེ་འདིའི་འཁྲབ་ཡོལ་སུམ་མགོ་བརྩམས་བྱུང་བ་ཡིན་ནམ། དེ་བས་ཆུང་དུ་བཤད་ན་ཤད་ནི་ཡི་གེ་དང་སྐད་ཆའི་གཅོད་རྟགས་ཙམ་རེད་མོད། འོན་ཏེ་ཆེ་རུ་བཤད་ན། དེ་ནི་རྩྭ་སྐྱ་ལུང་པ་གང་གི་མདའ་རུ་མེ་སྟག་དམར་ཚུབ་ཚུབ་ཅིག་སྐུང་སྟེ་བཞག་ཡོད་པ་དང་ཡང་ཀུན་ནས་མཚུངས་སྙམ། 
   ཁ་མཚར་ནག་པོའི་བྲོ་བ་འཐུལ་བ་ཞིག་ལ། 《དག་ཡིག》འདིའི་ཤོག་གྲངས786ཏུ “ཤད”ལ“བོད་ཡིག་གི་ཚིག་མཚམས་སོགས་མཚོན་པའི་རྟགས་ཤིག་གི་མིང་སྟེ,དེ་ལ་ཆིག་ཤད་དང་ཉིས་ཤད、བཞི་ཤད、སྦྲུལ་ཤད、སྤུངས་ཤད་དམ་རིན་ཆེན་སྤུངས་ཤད、དབུ་ཤད་བཅས་སྣ་ཁ་དྲུག་ཙམ་ཡོད。དེ་རེ་རེ་ལ་འབྲི་དབྱིབས་དང་ཐོབ་ཐང་མི་འདྲ་བ་རེ་ཡོད”ཅེས་འགྲེལ་སྦྱོར་བརྒྱབ་འདུག
   དེ་ལ་བདག་གིས་འདྲི་བར་འདོད་པ་ནི། འོ་ན་ཁྱོད་ཀྱིས་ཤེས་བཞིན་དུ་ནོར་འཁྲུལ་ཐེབས་སུ་འཇུག་འདོད་པ་ཡིན་ནམ། དེ་སྔོན“རིག་གསར”སྐབས“གསར་བརྗེའི་འཐབ་གྲོགས”ཀྱིས་གོ་སླ་བའི་ཕྱིར། འ་ཅག་གི་རྣམ་དབྱེ་དྲུག་པའི་ཕྲད་ལྔ་བོ་ཡང“གི”གཅིག་པོར་སླ་སྡུད་བྱས་ལ། འུ་ཚོས་ཀྱང“ཁྱོད་གི་གྲལ་རིམ”། “ང་གི་བློ་མཐུན”།“གཙོ་འཛིན་གི་གསུང་བཏུས”། “མི་དམངས་གི་དགྲ་བོ”ལྟ་བུའི་ལྡབ་ལྡིབ་ངག་ཐུན་ཟློ་ཡིན་རིང་ཞིག་འདས་སོང་། འོན་ཏེ་དེ་རིང་འུ་ཚོའི་བྱིས་པ་ཚོ་ཐོག་མར་འཕྲད་སྲིད་པའི་ཚིག་མཛོད 《དག་ཡིག་གསར་བསྒྲིགས》སུ། ད་དུང་དེ་ལྟའི་བོད་ཡིག་ཡ་མ་གཟུགས་ཀྱི་རྭ་རྩེ་རིག་རིག་རྨིག་སྣེ་སོག་སོག་འགུལ་གྱིན་འདུག དེ་ནི་ཅིའི་ཕྱིར་ཡིན་ནམ། 
གཉིས་པ། དམར་དྲི།
   སྨྱོ་འབོག་དང་དྲན་འཁྲུལ་གྱི་ལོ་བཅུའི་དམར་པོ་ཁྲག་གི་གཡོ་སྐྱོམ་སྐྱི་གཡའ་བ་དེ། མི་དམངས་དུང་ཕྱུར་གྱི་འཇིགས་སྐྲག་ཞེད་སྣང་དང་ཁད་ཀྱིས་རིང་དུ་ཕྱིན་སོང་། འོན་ཏེ་འུ་ཚོའི《དག་ཡིག་གསར་བསྒྲིགས》སུ། མ་རུངས་བདུད་ཀྱི་གཡབ་མོ་ལྟ་བུའི་ཀུ་ཟིང་དེའི་བྲག་ཆ་ད་དུང་འཇགས་ཡོད་ས་མ་རེད། དག་ཡིག་འདི་ལས་བཤུས་པའི་གཤམ་གྱི་མིང་ཚིག་འགྲེལ་སྦྱོར་འདི་དག་གིས་བདག་གི་སྐད་ཆར་བདེན་པ་སྣོན་ཡོང་ཐུབ་པར་སྨོན། 
   【གསར་བརྗེ】གཉའ་གནོན་མྱོང་མཁན་གྲལ་རིམ་གྱིས་དྲག་པོའི་སྒོ་ནས་སྲིད་དབང་ཕྲོགས་ཏེ,སྤྱི་ཚོགས་ཀྱི་སྲོལ་རུལ་སུངས་རྙིང་བ་རྣམས་བསྣུབས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་བ་ཡར་ཐོན་ཞིག་འཛུགས་པའི་དོན。 
འགྲེལ་སྦྱོར་འདིས་ང་ཚོར་བཤད་པ་ནི། གཉའ་གནོན་མྱོང་མཁན་ཚོས་ངེས་པར་དུ་དྲག་པོའི་ཐབས་ལ་བརྟེན་ཏེ་རྒྱལ་ཁ་ལེན་དགོས་ཞེས་པ་དེ་རེད། “མེ་མདའི་ཁ་ནས་ད་གཟོད་སྲིད་དབང་འབྱུང”ཟེར་བའི་དྲག་ཤེད་ཀྱི་བསམ་བློ་དེ་ཡང་འདི་ཡིན་རྒྱུ་རེད། འདིས་ནི། ཞི་བའི་ཐབས་མཆོག་ལ་བརྟེན་ཏེ་དམངས་ལ་རྒྱལ་ཁ་དང་རེ་བ་སྟེར་མཁན་འཕགས་མཆོག་གན་དྷི་དང་ནར་ཞོན་མན་དྷི་ལ། མར་ཐིན་ལུ་སེར་ཁེན། ལྕམ་ཨང་ཧྲན་སོ་ཅི། འཕགས་མ་ཐི་ལེ་ཧྲ་སོགས་ལ་འགྲམ་ལྕགས་ཚ་བེར་བེར་རེ་གཞུས་ཡོད་ཚོད་རེད། དེ་བས་ཀྱང་སེམས་ཁུར་ཡོང་བ་ནི། འདི་ལྟ་བུའི་སྨྲ་བརྗོད་དང་བསམ་བློས་ནི་འུ་ཚོའི་བྱིས་པ་ཚོར་བག་ཆགས་ག་རེ་འཇོག་སྲིད་ཀྱི་རེད། དོན་དུ། དྲག་པོའི་ཐབས་ཟེར་བ་དེ་ནི་གཞན་ཞིག་མ་རེད། དེ་ནི་ལག་ཏུ་མཚོན་ཆ་བཟུང་སྟེ་མི་གསོད་ཁྲག་སྦྱོར་གྱི་ལས་བྱེད་པ་དེ་ལ་ཟེར་བ་རེད། 
   【གྲལ་རིམ】…… སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཐད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་ཧ་ལམ་གྲུབ་པའི་རྗེས་སུ,ད་དུང་གྲལ་རིམ་དང་གྲལ་རིམ་འགལ་བ、གྲལ་རིམ་འཐབ་རྩོད་བཅས་གནས་སོ。 བདག་ལ་གོ་ནོར་ཐེབས་པ་མིན་ན། འགྲེལ་སྦྱོར་འདིས་དེ་རིང་ད་དུང་གྲལ་རིམ་དང་གྲལ་རིམ་འཐབ་རྩོལ་ཡོད་ཚུལ་སྟོན་གྱིན་འདུག འོ་ན་དེ་ནི་འབྱོར་བ་ལྡན་མིན་གྱིས་ཕྱེ་བ་ཡིན་ནམ། དེ་ལྟར་ཡིན་ན་དེ་རིང་གི་འབྱོར་ལྡན་མི་ཉུང་བ་ཞིག་དཔོན་ཐོབ་དང་གཡོ་ཚོང་གིས་འབྱོར་ལྡན་དུ་གྱུར་བ་རེད་ལ། ཡང་འབྱོར་མེད་མི་ཉུང་བ་ཞིག་གོ་སྐབས་འདྲ་མཉམ་མ་བྱུང་བས་འབྱོར་མེད་དུ་གྱུར་སོང་བ་ཡིན་ལས་ཆེ། 
   【འཐབ་རྩོད】འགལ་བའི་ཕྱོགས་གཉིས་ཀྱི་བར་ལ་མི་མཐུན་པ་བྱུང་ནས,གཅིག་གིས་གཅིག་ལས་རྒྱལ་ཁ་ལེན་པར་བརྩོན་པའི་བྱ་སྤྱོད་ཀྱི་མིང་སྟེ:གྲལ་རིམ་འཐབ་རྩོད|བསམ་པའི་འཐབ་རྩོད་ཅེས་པ་ལྟ་བུ。
   དངོས་འབྲེལ་ཅི་རིགས་བརྒྱུད“རིག་གསར”གྱི་བག་ཆགས་གང་འཚམས་ཡོད་པའི་མི་ཞིག་ཡིན་ཚེ།“འཐབ་རྩོད”ཅེས་པའི་མིང་ཚིག་འདི་གོ་མ་ཐག་ཡིད་ལ་འཆར་སྲིད་པ་ནི། འགྲམ་ལྕག་གཞུས། གྱེན་ཐོ་བརྩེངས། རྡག་ཐོས་བརྒྱབ། མཆིལ་ཞགས་འཕངས། གཉའ་བ་བཞོན། མགོ་ལ་ཤོག་ཞྭ་བསྐོན། ལག་པ་རྒྱབ་ནས་བཀྱིག རྐང་པར་ལྕགས་སྒྲོག་བརྒྱབ། སྐེ་ལ་ཤིང་ལེབ་དཔྱངས། ངོ་ལ་ཀྲེ་ནག་བྱུགས། ཁ་ལ་གཅིན་ཁུ་ལྡུད། གསོན་པོ་དུར་ལ་འཇུག བེམ་པོར་དགག་རྒྱག་བྱེད། སྡར་མ་སྨྱོན་པར་གཏོང་། དཔའ་བོ་ལྕེབ་ཏུ་འཇུག ཚེ་འདི་རེད་ཟེར་ན་ཕྱི་མ་ཡིན་འདྲ། ཕྱི་མ་རེད་ཟེར་ན་ཉི་མ་མཐོང་བའི། ལྟ་བ་མིག་གིས་མི་བཟོད་ལ་བསམ་པ་ཡིད་ལ་མི་ཤོང་བའི་ལོ་ཟླ་དེ་རེད། དེ་བས་ཀྱང“འཐབ་རྩོད”དེ“གྲལ་རིམ”དང་སྦྱར་ནས་གླེང་འོང་དུས། ཅི་སྟེ་དྭངས་པའི་ནམ་མཁའི་ངོས་ནས་གློ་བུར་དུ་རལ་གྲི་ཁྲག་ཤན་མ་ཞིག་ཁྱོད་ཀྱི་སྔོན་དུ་ལྷུང་འོང་བ་དང་འདྲའོ།། 
   ད་དུང་དཔེ་རུ་བཀོད་ན། 【ཏང】འབྱོར་མེད་གྲལ་རིམ་གྱི་སྲིད་ཏང。 【མི་སྣ】མི་མང་པོའི་ཚབ་བྱེད་ཐུབ་པའི་མི་སྟེ∶སྲིད་གཞུང་གི་མི。 【བཙན་རྒྱལ་རིང་ལུགས】ནི་དམག་འཁྲུག་གི་འབྱུང་ཁུངས་ཡིན。 【མ་རྩ་རིང་ལུགས】ཀྱིས་ངལ་རྩོལ་པ་གླས་ནས་བཤུ་གཞོག་བྱེད。 【སྤྱི་ཚོགས་རིང་ལུགས】འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱས་པ་ ཡིན。 
   གོ་ལ་ཁྱིམ་གཅིག་ཅན་དང་རིག་གནས་སྣ་མང་ཅན། རིགས་ཀུན་མཉམ་གནས་དང་ཞི་བདེ་ལྷན་རྒྱས་སོགས་ཀུན་ཁྱབ་རིན་ཐང་། འགྲོ་བ་མིའི་དཔལ་ཡོན་དང་བདེ་སྐྱིད་ཀྱི་རྨང་རྡོ་དང་སྲོག་ཤིང་དུ་འཛིན་པའི་དུས་རབས་ཉེར་གཅིག་པར། འུ་ཚོར་ད་དུང་འདི་ལྟ་བུའི“ཆབ་སྲིད”ཀྱི་གུ་དོག་པོའི་ན་ཟུག་དང་། “རིང་ལུགས”ཀྱི་ཕྱོགས་ལྷུང་གི་མུ་ཅོར་ཞིག་གང་ནས་ཡོང་བ་ཡིན་ནམ། ཡང་ན་འུ་ཚོ་དོན་དངོས་སུ་ཡང་དེ་འདྲའི་ཁ་རུབ་སྒོ་བསྡམས། དམ་ཕྲུག་འགྲུལ་གཅོད་ཀྱི་ལམ་བར་ཞིག་ན་ད་དུང་མགོ་བོ་མགལ་མེ་ལྟར་འཁོར་གྱིན་ལུས་ཏེ་ཡོད་དམ་ཅི། 
གསུམ་པ། རང་ངོ་། 
   “ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་དང་འདྲ།” ——《རླངས་ཀྱི་པོ་ཏི་བསེ་རུ》ལས། 
   འུ་ཚོའི་བརྡ་དག་ཚིག་མཛོད《དག་ཡིག་གསར་བསྒྲིགས》ཀྱིས། མགོ་བརྩམས་པ་ནས་མཇུག་སྒྲིལ་བའི་བར་དུ་རང་གི་སྐྱེ་རྒྱུད་དང་ཆོ་འབྲང་། ད་དུང་ཡབ་མེས་ཀྱི་ཆེ་དགེ་སོགས་སྣང་མེད་ངང་སླ་བཅོས་གསུབ་སྣོག་བྱས་འདུག འོ་ན་ཚིག་མཛོད་ཆུང་ངུ་འདིའམ་ཡང་ན་འདིའི་རྩོམ་སྒྲིག་པ་ལྷན་རྒྱས། ཡང་ན་འདིས་མཚོན་པའི་དེ་རིང་གི་བོད་རིག་གནས་ནི་ནགས་ཁུང་གི་སྤྲེའུ་ཡིན་ནམ། གཡུ་འབྲུག་ཟོལ་མ་ཡིན་ནམ། མོན་ཕྲུག་ཡུལ་བོར་ཡིན་ནམ། གཤམ་ནས། དཔེ་མཚོན་དུ་འགྲོ་བའི་མིང་ཚིག་འགྲེལ་སྦྱོར་འགའ་བཤུ་ཡོང་།
   【བོད】 རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཤིག་སྟེ:བོད་པ|བོད་རིགས|བོད་སྐད|བོད་ཡིག་ཅེས་པ་ལྟ་བུ。 
   རྒྱ་ནག་གི 《ཞིན་ཧྭ་ཡིག་མཛོད》དང《དེང་རབས་རྒྱའི་སྐད་ཡིག་མིང་མཛོད》སོགས་སུ། “བོད་རིགས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཤིག་ཡིན་ལ། བོད་ལྗོངས། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་སོགས་སུ་འདུས་སྡོད་བྱས་ཡོད”ཅེས་ལྟོས་བཅས་ཀྱིས་འགྲེལ་སྦྱོར་ཅུང་མི་རྩིང་བ་ཞིག་བརྒྱབ་འདུག དེ་ལས་ལྡོག་སྟེ་རང་གི་སྐད་ཀྱི་མིང་མཛོད་དུ་ཐོན་དུས། བོད་ཅེས་པ་འདི་བྱ་སྒྲོ་བཞིན་བར་སྣང་སྟོང་བར་གཡེང་གིན་ཡོད་པ་ཞིག་མིན་ཚེ། མི་རིགས་ཞེས་པའི་གཟུགས་རགས་པ་དེ་བརྟེན་སའི་ས་གཞི་ཁབ་སྣེ་ཙམ་ཡང་བཤད་མི་འདུག འདིས་ནི་འཛམ་གླིང་སུམ་ཉིས་ས་ལ་དབང་མཛད་མྱོང་སྐད་པའི་བོད་ཅེས་པའི་མི་རིགས་འདིའི་སྐད་དང་ཡི་གེ། ཁྱིམ་དང་ཁབ་སོ། དུར་གྱི་བྱེ་མ་བཞིན་རླུང་གིས་འཁུར་གྱིན་པ་མཚོན་ནམ། རླུང་གི་འུར་སྒྲ་བཞིན་མཁའ་ལ་ཡལ་གྱིན་པ་སྟོན་ནམ། 
   【བཙད་པོ】རྒྱལ་པོའི་བརྡ་རྙིང。 
   བོད་ཀྱི་ལོ་རྒྱུས་ལ་མིག་བཤེར་ཕྲན་བུ་བྱེད་མྱོང་མཁན་ཞིག་ཡིན་ཚེ། བཙད་པོ་ནི་གཉའ་ཁྲི་ནས་འུ་དུམ་བཙན་པོའི་བར། ལོ་ངོ་སྟོང་ལ་ཉེ་བའི་རིང་རྒྱལ་རབས་བཞི་བཅུ་ལྷག་གི་གདུང་རྒྱུད་གསེར་གྱི་རི་ཕྲེང་མ་ཉམས་པར་བྱོན་པའི། བོད་སྤྱི་ལ་སྲིད་དབང་བསྒྱུར་མྱོང་བའི་བོད་ཀྱི་རྒྱལ་པོའི་འབོད་མིང་ཡིན་པ་ལོས་རེ་ཤེས། འོན་ཏེ་བཙད་པོ་ཞེས་པའི་ཐ་སྙད་འདིའི་གན་དུ་འབྱོར་དུས། འུ་ཚོ་ཅིའི་ཕྱིར་ངག་ཆག་ཏུ་གྱུར་སོང་བ་རེད། དཔེར་ན། མི་ཚོགས་ཀྱི་གྲས་ནས་རང་གི་ཕ་རྒན་གྱི་མིང་ནས་འབོད་རྒྱུར་ཞེད་པའམ་ཁ་སྐྱེངས་མཁན་གྱི་མི་ཞིག་ལ། དཔྱོད་ཤེས་ཀྱི་བློ་མིག་དང་དྲང་བདེན་གྱི་འཇུག་ལྡོག་ཟེར་བ་ཞིག་གླེང་རྒྱུ་ཡོད་དམ། 
   【ལྷ་ས】རང་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་ཨུ་ཡོན་ལྷན་ཁང་གནས་སའི་གྲོང་ཁྱེར。 
   མཚམས་འདི་ནས་བདག་གིས་སྙན་ངག་པ་ན་རོ་ལགས་ཀྱི《དག་ཡིག་གསར་སྒྲིག་ནང་གི་ལྷ་ས》ཞེས་པའི་སྙན་ངག་ཅིག་འགོད་འོང་། འདིས་ཡོད་ཚད་ཤོད་ཐུབ། 
ནགས་ཚལ་མེ་ལ་ཤོར་རྗེས སྤྲིན་དཀར་པོ 
ཤོག་བུ་ལྡེབ་མ་ཞིག་གི་འཚིག་རོ་ལྟར 
ཕུ་ཞིག་བཏབ་ནའང་ཐོར་ལ་ཁད་དུ དེ་ནས 
ལྷ་ས་ནི་ཅ་ལག་འགེལ་སའི་གཟེར་མ་ཞིག་སྟེ 
ཤོག་ངོས་བརྒྱད་བརྒྱ་དྲུག་ཅུ་རེ་གསུམ་གྱི་བརྟུལ་ཞུགས་འཁུར་ནས 
ལོ་ངོ་མང་པོ་འགོར ལོ་ངོ་མང་པོ་འགོར་རྗེས ལྷ་ས 
བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་ཨུ་ཡོན་ལྷན་ཁང་གནས་སའི་ 
གྲོང་ཁྱེར་དེ་ཡིན 
ཡིག་འབྲུ་གཉིས་པོ ལྷང་ངེ ལྷན་ནེར ལྷམ་མེར 
    ཚང་མས་ཤེས་གསལ་རེད།  གསར་བརྗེའི་ཨུ་ཡོན་ལྷན་ཁང་ནི་རིག་གསར་སྐབས་ཀྱི་ས་གནས་སྲིད་འཛིན་སྡེ་ཁག་གི་འབོད་མིང་ཞིག་རེད། དེ་ལྟ་ན་འུ་ཚོའི་སྟོད་ཉི་མ་ལྷ་ས་ད་དུང་དེ་ལྟའི་ལོ་ཟླ་ན་ཡོད་དམ་ཅི། 
   ད་དུང་ཁ་ཤས་སྟབས་བདེར་བཅོས་ཏེ་དཔེ་རུ་དྲངས་ན། 
   【མཆོད་སྦྱིན】རྨོངས་དད་ཀྱིས་ལྷ་མཆོད་པའི་ཆོ་ག་ཞིག。 【དད་པ】ལྷ་འདྲེ་ལ་དད་པ་མི་བྱེད་ལྟ་བུ。ལྷ་སྐུ་ལ་དད་གུས་མི་བྱེད་ལྟ་བུ。 【སྲུང་མ】རྨོངས་དད་ཀྱི་བཤད་ལུགས་ལ་མི་ལུས་སྲུང་སྐྱོབ་བྱེད་པའི་ལྷ་ཞིག་གི་མིང。 【ཆོས་ལུགས】ཕྱི་རོལ་ཡུལ་ལ་འཕྲུལ་སྣང་སྐྱེས་ཤིང་སྒྲོ་བཏགས་པའི་སེམས་ཀྱི་སྣང་ཚུལ。 【ལྷ་ཡུལ】རྨོངས་དད་དུ་བཤད་པའི་དག་པའི་ཞིང。 【ལྷ་སྒྲུང】འཆར་ཡན་ཡོད་པས་རྨོངས་དད་དང་གཏན་ནས་མི་འདྲ。 
   ལར་འུ་ཚོའི་ཆོས་ལུགས་ཀྱི་བྱམས་དང་སྙིང་རྗེ། རྒྱུ་འབྲས་བག་ཡོད་སོགས་ལྟ་བ་སྤྱོད་པ་ནི། དེ་རིང་གི་འགྲོ་མིའི་ཀུན་ཁྱབ་རིན་ཐང་གི་སྲོག་ཏུ་འགྲོ་བཞིན་ཡོད་པས་ན། འུ་ཚོས་མཐའ་གཅིག་ཏུ“རྨོངས་དད”ལྟ་བུའི “རིག་གསར” གྱི་གཏུབ་གྲི་རྟུལ་པོ་དེ་ཀླད་ལ་བསྐོར་གྱིན། ཆོས་དང་འབྲེལ་ཚད་ཚལ་བར་གཤགས་རྐྱང་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་མིན་པ་འདྲ། 
བཞི་པ། ཧབ་ཐོབ།
   བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“མི་ཚེའི་གཏམ་གླེང”ལེ་ཚན་གྱི་བཅར་འདྲི་དང་དུ་ལེན་དུས། བོད་ལ་ཆེད་ལས་ངོས་ཀྱི་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་མེད་རུང་། བོད་མི་ཚང་མ་རང་བཞིན་གྱི་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་ཡིན་ལ། དེ་བཞིན་བོད་ཡུལ་ཧྲིལ་པོ་ཡང་། མ་བཅོས་རང་བཞིན་དུ་གྲུབ་ཡོད་པའི་སྲོག་ཆགས་སྲུང་སྐྱོབ་ར་བ་ཞིག་ཡིན་པའི་སྐོར་གླེང་འདུག སྲིད་དང་འབྱོར་བའི་ཐད་གཞན་དང་བསྡུར་ཐབས་ཡེ་མེད་རུང་། འདི་ལྟའི་རི་སྐྱེས་དང་སྐྱེ་ཁམས་ལ་གཅེས་སེམས་འཛིན་པའི་མི་རིགས་ཐུན་མོང་གི་འདུ་ཤེས་ཡག་པོ་དེ་འདྲ་ཡོད་པ་ཡང་ཇི་འདྲའི་ངོམ་དུ་རི་བ་ཞིག་རེད་ཨང་། ཡིན་ན་ཡང《དག་ཡིག་གསར་བསྒྲིགས》ནང་། དཔལ་འབྱོར་དང་གསོ་བ་རིག་པ་སོགས་ཀྱི་མིང་ཐོག་ནས་མཛེས་པའི་རི་སྐྱེས་ཤིན་ཏུ་མང་པོ་ཞིག་ལ། འུ་ཚོའི་བཟའ་རྔམ་གྱི་མཆེ་བ་གཙིགས་ཤིང་སྡེར་མོ་བགྲད་འདུག འུ་ཚོའི་གཏིང་གི་གདོན་འདྲེའི་ཆ་དེ་སྙན་པའི་ངག་གིས་ཡོངས་སུ་སད་དུ་བཅུག་འདུག 
【ཤྭ་རྭ】 ཤྭ་བའི་རྭ་གསར་སྐྱེས་སྙི་ཞིང་ཁྲག་མང་བ་ཐོག་ན་སྤུ་ཆུང་ཡོད་པ་ལ་བོག་རྭའམ་ཁྲག་རྭ་ཟེར་ཞིང་སྨན་མཆོག་ཅིག་ཡིན。 
【གླ་རྩི】རི་དྭགས་གླ་བ་ཕོའི་ལྟེ་བ་ནས་བྱུང་བའི་རྫས་ནག་པོ་དྲི་བཟང་གི་རྒྱུ་དང་སྨན་བཟང་པོ་ཞིག་ཡིན。 
【གཙོད་རུ】ནི་གཙོད་ཀྱི་རྭ་སྟེ,སྨན་བཟང་པོ་ཞིག་ཡིན。 
【སྟག】རུས་པ་ནི་སྨན་མཆོག་ཡིན。
【དོམ】དོམ་མཁྲིས་ནི་སྨན་མཆོག་ཅིག་ཡིན。 
   སྤྱི་ལོ2004ལོའི་ཟླ8པའི་ཚེས28ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲིམས་ཡིག》བསྒྲགས་ལ། དེའི་རྗེས་ནས་པར་སྐྲུན་བྱས་པའི་རྒྱའི་ཡིག་མཛོད་དང་ཚིག་མཛོད་དག་ཏུ། གཅན་གཟན་རི་དྭགས་འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་ངོས་འཛིན་བྱེད་དུས། ཤ་ནི་ཁ་ལ་ཞིམ་ཞིང་མངར། རུས་ནི་སྨན་གྱི་མཆོག པགས་པས་ལྭ་བ་བཟོ་ཆོག་ལྟ་བུའི་སྔོན་ཆད་ཀྱི་བརྐམ་སྲེད། འགྲམ་ཆུ། ཧེབ་ཤ་སོགས་ཕྱིར་མངོན་བྱས་ཡོད་པའི་ཐ་སྙད་དག་གཙང་འཕྱག་བཟོས་ལ། ཤུལ་དུ་རྒྱལ་ཁབ་ཀྱི་རིམ་པ་གང་གི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། གཤིས་ཀ་དང་འཚོ་ལུགས། འཚོ་ཡུལ་དང་ད་ཡོད་ཀྱི་གྲངས་ཀ། ད་དུང་རྒྱུད་འཆད་ལ་ཉེ་བའི་སྲོག་ཆགས་རིགས་ཤིག་ཡིན་ཚེ་དེ་མཚུངས་ཀྱི་གཅེས་སྲུང་བྱེད་དགོས་པའི་ཉེན་བརྡ་བརྒྱབ་འདུག འོན་ཏེ་འུ་ཚོའི《དག་ཡིག་གསར་བསྒྲིགས》སུ་མཛེས་ལ་ཉམ་ཆུང་བའི་རི་སྐྱེས་དེ་དག་ད་དུང་སྔོན་ཆད་ལྟར་སྨན་གྱི་རིལ་བུ་བཟོ་སྤྱད་ཙམ་དུ་མཐོང་བ་ལས། ན་ཚ་བདེ་སྡུག་འུ་ཚོ་མི་དང་འདྲ་བར་ཡོད་པའི་ཚེ་སྲོག་ཅིག་ཡིན་པའི་འདུ་ཤེས་རྩ་བ་དྲུངས་ན་མི་འདུག 
   གཙང་སྨྱོན་གྱི་མི་ལའི་རྣམ་མགུར་ཁྱི་ར་རས་པ་དང་མཇལ་བའི་སྐོར་ན“ཤྭ་བ་དགོ་བ་གནའ་བ་གསུམ། འདི་གསུམ་མི་ལའི་སྒོ་ཕྱུགས་ཡིན། … གཡི་དང་འཕར་བ་སྤྱང་ཀི་གསུམ། འདི་གསུམ་མི་ལའི་སྒོ་ཁྱི་ཡིན། … བྱ་འཇོལ་མོ་གོང་མོ་རྒོད་པོ་གསུམ། འདི་གསུམ་མི་ལའི་ཁྱིམ་བྱ་ཡིན། … སྤྲ་དང་སྤྲེའུ་མི་དྲེད་གསུམ། འདི་གསུམ་མི་ལའི་རྩེ་གྲོགས་ཡིན། …”ཞེས་པའི་མགུར་མ་ཡིད་དགའ་བ་ཞིག་འདུག བདག་གིས་སེམས་ན། འགྲོ་དྲུག་མ་རུ་སྒོམ་པའི་རྗེ་མི་ལའི་དགེ་སྦྱོང་གི་གདེང་དེ་འདྲ་སྲིད་མཐའ་ཙམ་ཡིན་རུང་། འུ་ཚོས་ཀྱང་དེར་ཅི་ནུས་ཀྱིས་རྗེས་སུ་ཡི་རངས་སྒོམ་སྟེ། མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་རི་སྐྱེས་ཀྱི་ཚོགས། རང་གི་ནད་ག་གེ་མོ་ཞུ་བྱེད་ཀྱི་སྨན་རིལ་ཁོ་ན་ཞིག་ཡིན་མིན་ལ་བསམ་བློ་བཏང་ན་ཅིས་མི་ཆོག 
ལྔ་པ། མཇུག་བྱང་། 
   མདོར་དྲིལ་ན། 《དག་ཡིག་གསར་བསྒྲིགས》 འདིའི་སྨྲ་བརྗོད་དང་བསམ་བློ་ནི་སྔར་མུས་བཞིན། “བཟོ་ཞིང་དམག”གིས“མ་རྩ་རིང་ལུགས”རྡུལ་དུ་བརླག་པའི་བྲག་ཆ་དང་། “སྤྱི་ཚོགས་རིང་ལུགས”ཀྱིས“ལྷ་འདྲེ་གདོན་བགེགས”མགོ་མཇུག་བསྒྱུར་བའི་མིག་འཕྲུལ་ན་ལུས་ཏེ་མེད་པར་བདག་གིས་མི་སྙམ། 
   གཞན། ཚན་རྩལ་འཕེལ་འགྱུར་དང་བསྟུན་ནས་འཛམ་གླིང་གོ་ལའི་ཁྱོན་གྱི་སྲིད་འབྱོར་རིག་གསུམ་གྱི་སྒྲིག་གཞིར་ཡང་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད་ལ། 《དག་ཡིག》 འདིར་དེ་འབྲེལ་གྱི་བརྡ་གསར་བ། དཔེར་ན་འཕུར་སྐར། དྲ་རྒྱ། གློག་རྡུལ། ཆ་འཕྲིན་ལྟ་བུའི་ཁྱབ་ཁོངས་ཀྱི་བརྡ་ཆད་གསར་བ་ཡང་ངེས་ཅན་ཞིག་སྡུད་པར་བྱེད་རྒྱུ་འོས་སུ་ཆེ་སྙམ། ད་དུང་མཇུག་ཏུ་བཀོལ་ཡོད་པའི《སྤྱི་ལོ་དང་རབ་བྱུང་གི་རེའུ་མིག》ཀྱང་སྤྱི་ལོ1986ནས་མཚམས་བཞག་སྟེ་མི་ལོ་ཉི་ཤུ་ལྷག་སོང་འདུག བསམ་གཏན་ལགས་ཀྱི་ཚིགས་བཅད་དེའི་ནང་གི“མར་ལེ་རིང་ལུགས་སྦྱང་བའི་རྟོགས་པ་དམན”ལྟ་བུའི་ཚིག་རྐང་ཡང་སྐབས་དེར་མ་གཏོགས་དེ་རིང་བལྟས་ན་དགོད་བྲོ་བ་ཞིག་རེད། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་སུམ་ཅུ་ལོན་པར་ལེགས་སྐྱེས་སུ་ཕུལ་བ་ལགས”ལྟ་བུའི་སྐད་ཆ་ཡང་། ལྟོས་བཅས་ཀྱིས་ལྷུག་གཏོང་དང་རྟོགས་སད་འབྱུང་བཞིན་པའི་དུས་རབས་འདི་དང་ལོ་རབས་འདིའི་རིན་ཐང་ལྟ་བའི་ངོས་སུ་བཞག་སྟེ་བལྟས་ན། མདོ་མེད་གཅམ་བུའི་ཚིག་ཏུ་མི་འགྲོ་བའི་ངེས་པ་ཡང་མི་འདུག་སྙམ། རྒྱུ་མཚན་ནི་གོང་སྨྲས་ཀྱི་བརྡ་ཆད་དེ་དག་གིས་ཁྲག་དྲི་དྲོ་བའི་ལོ་ཟླ་རིང་མོ་དེ་མཚོན་ལ། དེ་བས་ཀྱང་ཁྲག་དྲི་དེས་དེ་རིང་གི་ཆར་ཁྱོད་ཀྱི་ཀྲུང་ཧྭར་ཡང་སྐྱུག་མེར་བཟོ་མི་ཡོང་གྲང་། 
   སྤྱིར་ན། 《དག་ཡིག་གསར་བསྒྲིགས》ཀྱི་པར་གཞི་ལེགས་སྒྲིག་གསར་བཅོས་བྱེད་རྒྱུ་ནི་བོད་ཡིག་སློབ་མཁན་ཡོངས་ཀྱི་སེམས་ཀྱི་རེ་བ་ཡིན་པ་བསྙོན་དུ་མེད། 
ངལ་གསོ། 
མིད་དུ་ཉ་རུས་མིག་ལ་ཚེར་མ་བཞིན།། 
འཁྱོག་པའི་གཏམ་ལ་དགའ་བ་མི་སྐྱེ་བས།།
“དག་ཡིག་གསར་བསྒྲིགས”མ་དག་ཡི་གེ་རུ།། 
གླེང་བར་རྒན་དག་མི་དགྱེས་མེད་པ་ཞུ།།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག