ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

འཛམ་གླིང་གནའ་བོའི་སྐད་ཡིག་འགངས་ཆེན་དག་གི་གནས་ཚུལ་རགས་བསྡུས།

2015-03-13 མཁན་པོ་ཚུལ་ཁྲིམས་བློ་གྲོས།
  གཉིས་པ་ཡི་གེ་སྐྱེས་པའི་ལོ་རྒྱུས་ནི། འཛམ་བུ་གླིང་གི་ཡི་གེ་ལ་སྐྱེས་ནས་དར་བའི་དུས་སྐབས་རིམ་པ་སྔ་ཕྱི་གསུམ་དུ་སྣང་སྟེ། གདོད་མའི་ཡི་གེའི་དུས་སྐབས་དང༌། གནའ་རབས་ཡི་གེའི་ས་སྐབས་དང༌། དབྱངས་གསལ་ཡི་གེའི་དུས་སྐབས་སོ། །དང་པོ་གདོད་མའི་ཡི་གེའི་དུས་སྐབས་ནི། སྤྱི་ལོའི་སྔོན་གྱི་ལོ་༨༠༠༠ནས་སྤྱི་ལོའི་སྔོན་གྱི་ལོ་༣༥༠༠བར་གྱི་མི་ལོ་༤༥༠༠ཙམ་གྱི་རིང་ཡིན་ཏེ། དེའི་སྐབས་སུ་བྱུང་བའི་བརྗོད་བྱ་གང་རུང་མཚོན་བྱེད་ཀྱི་རི་མོ་སྣ་ཚོགས་པ་སྟེ། འདི་ལ་བརྐོས་རིས་ཡི་གེ་དང་བྲག་རིས་ཡི་གེ་དང་ཡིག་རིས་དང་རིས་ཡིག་སོགས་ཀྱི་དབྱེ་བ་ཡོད་དོ། །དེ་ལས་དང་པོ་བརྐོས་རིས་ཡི་གེ་ཞེས་པ་ནི་རྫའམ་ཤིང་ངམ་རྡོ་སོགས་ཀྱི་ངོས་སུ་བརྐོས་པའི་མཚན་མ་སྣ་ཚོགས་པ་དོན་སྟོན་པའི་ནུས་པ་ཡོད་པ་རྣམས་ཏེ། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་དུ་རྒྱ་ནག་གི་ཤི་ཨན་ནས་ལོ་སྟོང་ཕྲག་ལྔའི་སྔོན་གྱི་རྫ་ཚོན་མ་ས་འོག་ནས་ཐོན་པ་དག་གི་སྟེང་དུ་རི་མོའི་མཚན་མ་མི་འདྲ་བ་མང་པོ་བཏབ་ཡོད་པ་ལྟ་བུ་དང༌། ཁམས་བྲག་མགོ་ཡར་སྡེ་ས་ཆའི་དུར་ས་ལས་ཐོན་པའི་ལི་སྣོད་ཀྱི་ངོས་སུ་བྲིས་པའི་གཟུགས་རིས་ལྟ་བུ་ཡིན། བརྐོས་རིས་འདི་འདྲ་བ་འཛམ་བུ་གླིང་གི་ས་ཆ་མང་པོ་ནས་ཐོན་ཞིང་དེ་རྣམས་ཕན་ཚུན་འདྲ་བའི་ཆའང་དུ་མ་ཡོད། འོན་ཀྱང་འདི་ཇི་ལྟར་བཀླག་ཚུལ་དང་བརྗོད་བྱ་ཅི་ཡིན་རྟོགས་པ་ནི་ཤིན་ཏུ་བྱ་དཀའ་བའི་གནས་སུ་སྣང་ངོ༌། །
   གཉིས་པ་བྲག་རིས་ཡི་གེ་ནི། བྲག་དང་ཕུག་པ་སོགས་ཀྱི་ངོས་སུ་བྲིས་པའི་གཟུགས་རིས་སྣ་ཚོགས་པ་སྟེ། རི་དྭགས་བཤོལ་བ་དང་ཕྱུགས་འཚོ་བ་དང་གཡུལ་འགྱེད་པ་སོགས་ཀྱི་རི་མོ་ཡོད། བོད་ཀྱི་གནམ་མཚོ་ཕྱུག་མོའི་འགྲམ་གྱི་བྲག་གསེབ་ཀྱི་ཕུག་པ་དག་གི་ནང་ན་རི་མོ་འདི་རིགས་མང་དུ་མཐོང་རྒྱུ་འདུག་ལ། གཞན་ཡང་མངའ་རིས་དང་དབུས་གཙང་དང་མཚོ་སྔོན་པོ་སོགས་དང་འཛམ་བུ་གླིང་གི་ས་ཆ་མང་པོ་ནའང་ཡོད། གཟུགས་རིས་འདི་རྣམས་ཡི་གེའི་རྣམ་པར་དངོས་སུ་མ་གྲུབ་ཀྱང་མཚོན་དོན་གྱི་བརྗོད་བྱ་ཡོད་ཅིང༌། གཟུགས་རིས་དང་ཡི་གེ་གཉིས་སོ་སོར་གྱེས་པའི་མགོ་རྩོམ་པའི་གནས་སྐབས་ཙམ་ཞིག་ཡིན་ནོ།།
   གསུམ་པ་ཡིག་རིས་ཡི་གེ་ནི། ཡིག་རིས་ཞེས་པ་རི་མོའི་ཚོགས་པ་རིལ་པོ་གཅིག་གི་ཆ་ཤས་སོ་སོ་བ་རྣམས་ཀྱིས་དོན་སོ་སོ་མཚོན་པ་སྟེ། སྲོག་ཆགས་དང་རི་ཆུ་རྩི་ཤིང་མེ་ཏོག་ཁང་པ་ལམ་སོགས་མཉམ་དུ་བསྡེབས་ནས་དོན་གྱི་བརྗོད་བྱ་གང་རུང་ཞིག་མཚོན་པར་བྱེད་པ་ཡིན། ཡིག་རིས་འདི་ལ་བཀླག་ཚུལ་གྱི་སྒྲ་གདངས་ངེས་ཅན་ཞིག་མེད་པས་སྐད་རིགས་ཀྱི་དབྱེ་བ་མེད་ལ། རི་མོར་བལྟས་ཏེ་དོན་རྗེས་སུ་དཔག་པའམ་ངག་ཐོག་ནས་འགྲེལ་བཤད་བྱ་དགོས་པ་ཡིན། དཔེར་ན་སྲོག་ཆགས་འདྲ་མིན་འགའ་ཞིག་བྲིས་ནས་དེ་དག་སོ་སོའི་སྙིང་ཁ་ནས་རི་མོ་ཞིག་གཅིག་གི་སྙིང་ཁར་འཐེན་ནས་སྲོག་ཆགས་ཀྱི་གཟུགས་བརྙན་དེ་དག་གིས་མཚོན་པའི་མི་དེ་དག་གི་བསམ་པ་ནི་གཙོ་བོ་ལྟ་བུའི་མི་དང་གཅིག་གྱུར་ཡིན་ཞེས་པའི་དོན་མཚོན་པར་བྱེད་པ་ལྟ་བུ་ཡིན། ཡི་གེ་འདི་རིགས་ཨིན་དིའི་(Indian,印地安)མི་དག་གིས་བྲིས་པ་དེང་སང་ཡང་མང་དུ་མཐོང་རྒྱུ་འདུག་གོ །ཡི་གེ་འདིས་བརྗོད་བྱ་སྟོན་ཚུལ་ལམ་མཚོན་ཚུལ་ལ་གཉིས་ཡོད་དེ་གཟུགས་མཚོན་དང་དོན་མཚོན་ནོ། །དཔེར་ན་གྲུ་ཤན་ཞིག་གི་གཟུགས་བྲིས་ནས་དེའི་སྟེང་དུ་རི་མོ་ཐུང་ངུ་དགུ་བྲིས་ནས་མི་དགུས་གྲུ་གཏོང་བར་མཚོན་པ་ན། གྲུའི་གཟུགས་དངོས་སུ་བྲིས་པས་གཟུགས་མཚོན་ཡི་གེ་དང་མི་དགུའི་གཟུགས་དངོས་སུ་མ་བྲིས་ཀྱང་རི་མོ་དེས་དོན་མི་དགུ་མཚོན་པར་བྱེད་པས་དོན་མཚོན་ཡི་གེ་ཡིན་པ་ལྟ་བུའོ། །

  ཡིག་རིས་ཡི་གེ
   རི་མོ་གཡས་པ་འདི་ནི་ཨ་རི་བྱང་མ་ཨིན་དིའི་མི་ཁྲུ་ཕེ་ཝ་(Chipewa)ཞེས་པའི་ཚོ་བ་བདུན་གྱིས་ཨ་རིའི་སྲིད་འཛིན་ནམ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་ཅིག་སྟེ། ཞུ་ཡིག་གི་ནང་དོན་ནི་ཁོང་ཅག་སྔར་གནས་པའི་གཙང་པོའི་འགྲམ་ནས་མཚེའུ་ཡོད་པའི་ས་ཁུལ་དུ་གནས་སྤོ་བའི་ཆོག་མཆན་ཞུ་བའོ། །རི་མོ་འདིའི་ནང་གི་སྲོག་ཆགས་བདུན་གྱིས་ཚོ་བ་བདུན་མཚོན། དེའི་ནང་གི་ཁྲུང་ཁྲུང་གིས་ཚོ་བ་གཙོ་བོ་མཚོན། སྲོག་ཆགས་ཐམས་ཅད་ཀྱི་སྙིང་ག་ནས་རི་མོ་ཞིག་ཁྲུང་ཁྲུང་གི་སྙིང་ཁར་འཐེན་པ་ནི་བློ་མཐུན་པ་མཚོན། ཁྲུང་ཁྲུང་གི་མིག་ནང་ནས་རི་མོ་ཞིག་འགྲམ་གྱི་མཚེའུའི་ནང་དུ་འཐེན་པ་ནི་མཚེའུ་ཡོད་པའི་ས་ཁུལ་དུ་གནས་སྤོ་བར་འདོད་པ་མཚོན། སྲོག་ཆགས་ཐམས་ཅད་ཀྱི་མིག་ནས་རི་མོ་ཞིག་ཁྲུང་ཁྲུང་གི་མིག་ནང་དུ་འཐེན་པ་ནི་བསམ་ཚུལ་གཅིག་པ་ཡིན་པར་མཚོན། ཁྲུང་ཁྲུང་གི་མིག་ནང་ནས་རི་མོ་ཞིག་གྱེན་དུ་འཐེན་པ་ནི་གོང་ལ་ཞུ་བ་ཡིན་པ་མཚོན་པའོ། །
   བཞི་པ་རིས་ཡིག་ནི། རིས་ཡིག་ཅེས་པ་གཟུགས་རིས་རིལ་པོ་མི་འདྲ་བ་མང་པོ་བྲིས་ནས་རྗོད་བྱེད་ཀྱི་ངག་གམ་གཏམ་གྲུབ་པར་བྱེད་པ་གཟུགས་རིས་ཀྱི་རྣམ་པ་ཅན་གྱི་ཡི་གེ་སྟེ། དཔེར་ན་བྱ་ལ་བྱའི་གཟུགས་རིས་དང་ཉ་ལ་ཉའི་གཟུགས་མི་ལ་མིའི་གཟུགས་དང་མི་ནད་ཀྱིས་བཏབ་པ་ལ་མི་ཐང་ལ་འགྱེལ་བའི་གཟུགས་སོགས་བརྗོད་བྱ་དེ་རྣམས་ཀྱི་གཟུགས་རིས་རྣམས་བྲིས་ནས་དོན་སྟོན་པར་བྱེད་པ་སྟེ། ནག་ཤུལ་གྱི་སྟོན་པའི་ཡི་གེ་དང་རྒྱ་ནག་གི་སྐོགས་རུས་ཡི་གེ་ལྟ་བུ་ཡིན། ད་ལྟའི་རྒྱའི་ཡི་གེའང་ཡིག་རིགས་འདི་རིམ་གྱིས་གཟུགས་འགྱུར་བ་ལས་བྱུང་བ་ཡིན། རང་རེའི་སྔོན་གྱི་སྐར་ཡིག་འགའ་རེ་ན་གཟའ་རྣམས་ཀྱི་མིང་འབྲི་བ་ན། ཉི་མ་ལ་རི་མོ་ཟླུམ་པོ་དང་ཟླ་བ་ལ་ཚེས་རུ་དང་མིག་དམར་ལ་མིག་དང་ཕུར་བུ་ལ་ཕུར་བའི་གཟུགས་བྲིས་ཡོད་པའང་འདི་དང་འདྲ་བ་ཡིན། འདི་ནི་ཡི་གེ་སྔ་མ་རྣམས་རིམ་པར་འཕེལ་རྒྱས་སུ་སོང་ནས་ཡི་གེ་དངོས་གནས་པ་འགའ་ཞིག་འགྲུབ་བྱེད་ཀྱི་དངོས་རྒྱུ་སྟེ། ཡི་གེ་འགྲུབ་བྱེད་ཀྱི་མྱུ་གུའི་གནས་སྐབས་ཞེས་ཀྱང་བྱའོ།
   ཡིག་རིས་དང་རིས་ཡིག་གཉིས་ཀྱི་ཁྱད་པར་ནི། ཡིག་རིས་ལ་བརྗོད་བྱ་སྟོན་པར་བྱེད་པའི་ཡི་གེའི་ནང་དོན་ཡོད་ཀྱང་ངོ་བོ་རི་མོའི་ཁོངས་གཏོགས་ཙམ་ཡིན་པས་ཡི་གེའི་རྣམ་པ་ཤིན་ཏུ་ཞན་ཏེ་རི་མོའི་རྣམ་པ་ལས་ཡི་གེའི་རྣམ་པ་མི་འཆར། རིས་ཡིག་ནི་རྣམ་པ་གཟུགས་རིས་ཡིན་ཡང་ངོ་བོ་ཡི་གེ་ཞིག་གི་ཁོངས་གཏོགས་ཡིན་པས་བརྗོད་བྱ་སྟོན་པའི་ཚད་མཐོ་ཞིང་ཡི་གེའི་རང་བཞིན་དུ་གནས་པ་ཡིན་ནོ། །འདིའི་སྐབས་སུ་མི་རྣམས་ལ་ཡི་གེ་འབྲི་བའི་སྲོལ་ནི་མ་དར་ལ། དོན་འགའ་ཞིག་དགོས་པའི་དབང་གིས་སྒྲ་མ་ཡིན་པའི་ཐབས་ཤིག་ལ་བརྟེན་ནས་མཚོན་པར་འདོད་པས་རི་མོ་སྣ་ཚོགས་པ་འབྲི་རྒྱུ་དྲན་པ་ཡིན་ཏེ། ངེད་ཀྱི་ཕ་ཡུལ་ན་ཨང་ཀི་ཙམ་འབྲི་ཤེས་ལ་ཡི་གེ་གཞན་པ་འབྲི་མི་ཤེས་པའི་མི་ཞིག་ཡོད་པ་དེས་ཁོའི་ཁྱིམ་ཚང་གི་གྲོ་ནས་སྲན་གསུམ་གྱི་རྒྱ་མའི་གྲངས་ཀ་འབྲི་བར་འདོད་ནས་སྲན་མའི་མིང་ལ་རི་མོ་ཟླུམ་པོ་ཞིག་བྲིས། ནས་ཀྱི་མིང་ལ་རི་མོ་འཇོང་པོ་ཞིག་བྲིས། གྲོའི་མིང་ལ་རི་མོ་འཇོང་པོའི་ལྟོ་བ་ལ་གསེག་རིས་ཤིག་བྲིས་ཏེ་ནས་མ་ཡིན་པ་གོ་བར་བྱས་པས་སྲན་མ་དང་ནས་གཉིས་གཟུགས་མཚོན་གྱི་ཡི་གེ་དང་གྲོའི་ལྟོ་བ་ལ་གསེག་རིས་ཤིག་བརྒྱབ་པ་དོན་མཚོན་གྱི་ཡི་གེར་སོང་བ་ལྟ་བུའོ། །
   གཉིས་པ་གནའ་རབས་ཡི་གེའི་སྐབས་ནི། སྤྱི་ལོའི་སྔོན་གྱི་ལོ་༣༥༠༠སྔོན་ཙམ་གྱི་དུས་ནས་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་པའི་ནང་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤར་འགྲམ་དུ་དབྱིངས་གསལ་གྱི་ཡི་གེ་བྱུང་བའི་བར་གྱི་ལོ་༢༤༠༠ཙམ་གྱི་རིང་ཡིན་ཏེ། དེ་ཡང་ད་ལྟའི་ཨི་རག་(Iraq,伊拉克)རྒྱལ་ཁབ་ཀྱི་ས་ཆ་ན་ཆུ་བོ་ཆེན་པོ་ཡེས་ཕ་ར་ཐེ་སུ་(Euphrates,幼发拉底)ཞེས་པ་དང་ཐེ་ཀི་རེ་སུ་(Tigris,底格里斯)ཞེས་པ་གཉིས་ཡོད་པའི་འབབ་ཡུལ་ན་མི་རིགས་འགའ་ཞིག་གནས་པ་ལས་སོས་མེར་(Euphrates,苏美尔)གྱི་མི་རྣམས་ཀྱིས་ཡི་གེ་འཛེར་མགོ་མའམ་འཛེར་ཡིག་ཅེས་པ་གསར་གཏོད་བྱས། འཛེར་མགོ་མ་ཞེས་པའི་དོན་ཡི་གེའི་སྙུག་རིས་ཐམས་ཅད་ཀྱི་མགོ་འཛེར་མའི་མགོ་ལྟར་ལེབ་ལེབ་མོ་ཡིན་པས་དེ་སྐད་དུ་བཏགས་པ་ཡིན། འདི་ནི་མིའི་རིགས་ཀྱི་ཆེས་སྔ་བའི་ཡི་གེ་ཡིན་པས་ལོ་རྒྱུས་ཀྱི་རིན་ཐང་བླ་ན་མེད་པ་དང་ལྡན་པ་ཞིག་གོ །འཛེར་ཡིག་འདི་ཕྱིས་སུ་རིམ་བཞིན་ཉམས་ཞིང་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་དང་པོའི་བར་ཅུང་ཟད་སླར་སོས་བྱུང་ཡང་མ་ཕན་ཏེ་ནུབ་པར་གྱུར། དེ་ནས་ལོ་༡༥༠༠བར་དུ་སུས་ཀྱང་མ་ཤེས་པར་སའི་འོག་ཏུ་གཉིད་ནས་བསྡད། ཕྱིས་སུ་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་རྙེད་ཀྱང་དུས་རབས་༡༨པའི་མཇུག་གི་དུས་ད་དུང་དེའི་དོན་ཤེས་མཁན་མ་བྱུང༌། དུས་རབས་༡༩པའི་ནང་ནས་ད་གཟོད་དེའི་དོན་རྣམས་ཤེས་པར་གྱུར་ཏོ། །
 
   སོས་མེར་གྱི་འཛེར་ཡིག
   དེ་ལས་ཅུང་རྗེས་ཙམ་ནས་ནེས་ལེ་གཙང་པོའི་(Nile,尼罗)འབབ་ཡུལ་ན་གནས་པའི་གནའ་རབས་ཨེ་ཅིབ་(Egypt,埃及)ཀྱི་མིས་ལྷ་ཡིག་ཅེས་པའི་ཡི་གེ་གསར་བསྐྲུན་བྱས། འདི་ལ་བརྐོ་བྲིས་དང་བཙུན་བྲིས་དང་དམངས་བྲིས་ཞེས་ཡིག་གཟུགས་གསུམ་བྱུང༌། བརྐོ་བྲིས་ཞེས་པ་ལྷ་ཁང་གི་ལྡེབས་དང་དུར་སའི་རྡོ་རིང་དང་ལྷ་མཆོད་པའི་མཆོད་ཆའི་སྟེང་དུ་བརྐོ་བར་བྱ་བའི་ཡིག་གཟུགས་ཏེ། མཛེས་ཆ་ཆེ་བའི་བྲིས་གཟུགས་ཡིན། བཙུན་བྲིས་ཞེས་པ་སྔར་གྱི་བརྐོ་བྲིས་དེ་མགྱོགས་པོར་བྲིས་པས་སྲོག་ཆགས་སོགས་ཀྱི་གཟུགས་བརྙན་གྱི་རྣམ་པ་ཆེར་མི་མངོན་པར་གྱུར། ཐོག་མར་སེར་སྐྱ་གཉིས་ཀས་བཀོལ་ཞིང་ཕྱིས་སུ་ཆོས་ལུགས་ཀྱི་གཞུང་འབྲི་བྱེད་ཀྱི་ཡི་གེར་བྱས་ནས་བཙུན་པ་རྣམས་ཀྱིས་འབྲི་བར་བྱེད་པས་དེ་སྐད་ཅེས་བྱ། དམངས་བྲིས་ཞེས་པ་ནི་བཙུན་བྲིས་ཀྱི་རི་མོ་མང་ལ་ཉོག་པ་རྣམས་སླ་ཆོས་སུ་བྲིས་ནས་དམངས་ཕལ་བ་རྣམས་ཀྱིས་ཀྱང་བཀོལ་བདེ་བར་བྱས་པས་དེ་སྐད་ཅེས་བྱ། བྲིས་གསུམ་པོ་འདིའི་གཟུགས་ལ་ནང་ཕན་ཚུན་དུ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། བཙུན་བྲིས་འདི་སྤྱི་ལོ་ཚུགས་པའི་རྗེས་ཀྱི་དུས་རབས་གསུམ་པའི་ནང་བར་དུ་གནས་ལ། དམངས་བྲིས་ནི་སྤྱི་ལོའི་དུས་རབས་ལྔ་པའི་བར་དུ་གནས། དེའི་རྗེས་ནས་ཨེ་ཅིབ་ཀྱི་ཡི་གེ་ཐ་མ་དམངས་བྲིས་དེའང་ནུབ་པར་གྱུར་ཏོ། །དེ་ལྟར་ཡི་གེ་འདི་དང་ཡི་གེ་འདིའི་བརྗོད་བྱ་ལོ་༣༥༠༠རིང་གི་ལོ་རྒྱུས་དང་བཅས་པ་ས་དང་བྱེ་མའི་འོག་ཏུ་ཉལ་བས་སུས་ཀྱང་མི་ཤེས་པར་གྱུར། ལོ་༡༥༠༠ཙམ་སོང་བའི་རྗེས་ནས་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་སླར་ཡང་ས་འོག་ནས་རྙེད་ཀྱང་དེ་ཤེས་མཁན་ནི་གཅིག་ཀྱང་མ་བྱུང༌། དུས་རབས་༡༦པ་ནས་༡༨པའི་བར་གྱི་ལོ་༣༠༠རིང་ལ་མཁས་པ་རྣམས་ཀྱིས་བརྟག་དཔྱད་ཟབ་ནན་བྱས་ཀྱང་དེའི་དོན་མ་རྟོགས། སྤྱི་ལོ་༡༧༩༩ལོར་ཧྥ་རེན་སིའི་དམག་དཔོན་ཞིག་གིས་ཨེ་ཅིབ་ཀྱི་རོ་སི་ཐ་(Rosetta,罗塞塔)ཞེས་པའི་ས་ཆ་ནས་རྡོ་རིང་ཞིག་རྙེད་པ་དེ་ཉིད་ཨེ་ཅིབ་ཀྱི་ཡི་གེའི་གསང་བ་འབྱེད་པའི་ལྡེའུ་མིག་ལྟ་བུར་གྱུར། དེ་ཡང་རྡོ་རིང་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་༡༩༧ནས་༡༧༦པའི་བར་དུ་བཟོས་པ་ཞིག་ཡིན་ལ། དེའི་ངོས་ན་ཨེ་ཅིབ་ཡི་གེ་བརྐོ་བྲིས་དང་དམངས་བྲིས་དང་ཧེ་ལིན་གྱི་ཡི་གེ་གསུམ་ཤན་སྦྱར་ནས་བྲིས་ཏེ། ཨེ་ཅིབ་ཀྱི་བཙུན་པ་རྣམས་ཀྱིས་བྱས་པའི་རྒྱལ་པོའི་བསྟོད་པ་ཞིག་ཡིན་འདུག དེར་ཧེ་ལིན་གྱི་ཡི་གེ་ལས་དཔགས་ནས་ཨེ་ཅིབ་ཀྱི་དམངས་བྲིས་ཀྱི་དོན་ཤེས། དམངས་བྲིས་ལས་དཔགས་ནས་བརྐོ་བྲིས་ཀྱི་དོན་རྟོགས་ཤིང༌། མཐར་བཙུན་བྲིས་ཀྱང་ཤེས་པས་ཐམས་ཅད་ཤེས་པར་གྱུར། དེའི་དབང་གིས་ཨེ་ཅིབ་ཀྱི་ལོ་༣༥༠༠རིང་གི་ལོ་རྒྱུས་དག་མི་རྣམས་ཀྱི་མིག་ལམ་དུ་སླར་ཡང་སྣང་བར་གྱུར་ཏོ། །
 
   ཨེ་ཅིབ་ཀྱི་ལྷ་ཡིག
   དེ་རྗེས་སྤྱི་ལོའི་སྔོན་གྱི་ལོ་༡༣༠༠སྔོན་ཙམ་ནས་ལྷོ་ཨེ་ཤ་ཡའི་རྨ་ཆུའི་འབབ་ཡུལ་དུ་རུས་སྦལ་གྱི་སྐོགས་དང་དུད་འགྲོའི་རུས་པའི་ངོས་སུ་བརྐོས་པའི་སྐོགས་རུས་ཡི་གེ་(甲骨文)ཞེས་པ་བྱུང༌། འདི་སྐབས་སུ་ནུབ་ཕྱོགས་ཀྱི་ཡི་གེ་དག་བྱུང་ཟིན་པས་ཡི་གེ་འདི་དེ་ལ་བརྟེན་ནས་བྱུང་བ་ཡིན་ཡང་རུང་ཞེས་ཟེར། གང་ལྟར་ཡང་རྒྱ་ནག་གི་ཧྲིང་(商)རྒྱལ་རབས་ཀྱི་མཇུག་གི་དུས་ཡུན་རྒྱལ་རབས་(殷朝)ཀྱི་སྐབས་ཙམ་ནས་བྱུང་སྟེ། སྐབས་དེར་རུས་སྦལ་གྱི་སྐོགས་དང་དུས་འགྲོའི་རུས་པའི་ངོས་སུ་མཚན་མ་སྣ་ཚོགས་པ་བཏབ་ནས་རྒྱལ་པོས་རྒྱལ་སྲིད་ཀྱི་བྱ་བ་ལ་མོ་འདེབས་ཤིང༌། མོ་བཏབ་པའི་འབྲས་བུ་དང་བྱ་བ་བསྒྲུབས་པའི་མཇུག་འབྲས་རྣམས་སྐོགས་དང་རུས་པའི་ངོས་སུ་ཡི་གེར་བཀོད། ཡུན་རྒྱལ་པོའི་རབས་བཅུ་སྟེ་ལོ་༢༧༠ཙམ་གྱི་རིང་ལ་སྐོགས་རུས་ཡི་གེའི་ཟིན་ཐོ་འབོར་ཆེན་བྱས། འདི་ད་ལྟའི་རྒྱ་ནག་གི་ཡི་གེའི་རབས་སྔོན་མ་དེ་ཡིན་པར་གྲག་གོ །འོན་ཀྱང་འདི་བར་སྐབས་སུ་ནུབ་ནས་སུས་ཀྱང་མི་ཤེས་པར་གྱུར། དེ་ནས་ལོ་སུམ་སྟོང་ལ་ཉེ་བ་ཙམ་སོང་བའི་རྗེས་ཀྱི་སྤྱི་ལོ་༡༨༩༩ལོར་པེ་ཅིང་ན་གནའ་བོའི་ཡི་གེ་ཞིབ་འཇུག་བྱེད་པའི་རྒན་པོ་ཝང་ཡུས་རོང་(王懿荣)ཞེས་པ་ནད་ཀྱིས་ཐེབས་ནས་རྒྱ་སྨན་བསྟེན་པའི་སྐབས་སུ་སྨན་དེའི་ནང་དུ་འབྲུག་རུས་ཞེས་པ་ཞིག་ཡོད་པའི་ངོས་སུ་རི་མོ་སྣ་ཚོགས་ཡོད་ཅིང་རི་མོའི་ནང་དུ་མཚལ་བྱུག་པའང་མཐོང༌། ཁོས་དེ་གནའ་བོའི་ཡི་གེ་ཞིག་ཨེ་ཡིན་སྙམ་ནས་འབྲུག་རུས་མང་དུ་ཉོས་ནས་བརྟགས་པས་ཡི་གེ་ཞིག་ཡིན་པར་ཐག་ཆོད། དེ་ལས་ལོ་བཅུ་ཉི་ཤུ་ཙམ་གྱི་སྔོན་ནས་ཧུ་ནན་(河南)ཞིང་ཆེན་ཨན་ཡང་(安阳)རྫོང་གི་ཤོ་ཐུན་(小屯)གྲོང་གི་ཞིང་པ་རྣམས་ཀྱི་ཞིང་རྨོ་སྐབས་ཡི་གེ་ཅན་གྱི་རུས་པ་དེ་མང་དུ་རྙེད་ནས་སྨན་ཁང་ལ་བཙོང་བ་ལས་བྱུང་ཞིང༌། གྲོང་དེ་ནི་སྔོན་གྱི་ཡུན་རྒྱལ་རབས་ཀྱི་རྒྱལ་ས་ཡིན་ནོ། །ཡི་གེ་འདི་ད་ལྟ་ཚགས་སྡེབས་སུ་བྱས་པ་༤༠༠༠ཙམ་དང་དེ་ལས་བཀླག་ཤེས་པ་༡༠༠༠ཙམ་ཡོད་ཅེས་ཟེར་རོ། །
 
   རྒྱ་ནག་གི་སྐོགས་རུས་ཡི་གེ
   དེ་ལྟར་སོས་མེར་གྱི་མིས་གསར་བསྐྲུན་བྱས་པའི་འཛེར་ཡིག་དང་ཨེ་ཅིབ་ཀྱི་མི་རྣམས་ཀྱིས་གསར་བསྐྲུན་བྱས་པའི་ལྷ་ཡིག་དང་རྒྱ་ནག་གི་མིས་ཡུན་ཧྲིང་རྒྱལ་རབས་ཀྱི་དུས་སྐབས་སུ་བཟོས་པའི་རྐོགས་ཡིག་སྟེ། ཡི་གེ་འདི་གསུམ་ལ་གནའ་རབས་ཀྱི་ཡི་གེ་ཆེན་པོ་གསུམ་ཞེས་ཟེར་ཞིང༌། གསུམ་པོའང་ཐོག་མའི་དུས་སུ་བརྗོད་བྱའི་དོན་དེ་ཉིད་ཀྱི་གཟུགས་དབྱིབས་རི་མོར་བྲིས་ཏེ་མཚོན་པར་བྱེད་པ་ཤ་སྟག་ཡིན། འདི་གསུམ་གྱི་ཕྱིའི་གཟུགས་དབྱིབས་མི་འདྲ་ཡང་ནང་གི་བ་ཚུལ་ཧ་ཅང་འདྲ་བ་ཡིན་ཞེས་ཟེར་རོ། །
   གསུམ་པ་དབྱངས་གསལ་ཡི་གེ་ནི། འཛེར་ཡིག་དང་ལྷ་ཡིག་དག་བྱུང་ནས་ལོ་༢༠༠༠ཙམ་སོང་བའི་རྗེས་ཏེ། སྤྱི་ལོའི་སྔོན་གྱི་ལོ་༡༧༠༠ནས་༡༥༠༠ཙམ་གྱི་དུས་ན་དབྱངས་གསལ་གྱི་ཡི་གེ་འདི་རྣམས་ཡོད་པར་མངོན་ཏེ། ད་ལྟ་ཡོད་པའི་རྡོ་བརྐོས་ཀྱི་བྱངས་གསལ་ཡི་གེ་ཆེས་སྔ་ཤོས་དེ་ཕ་ལི་སི་ཐན་(palestine,巴勒斯坦)གྱི་ཡུལ་ནས་རྙེད་པའི་སྤྱི་ལོ་སྔོན་གྱི་ལོ་༡༧༠༠ཙམ་ན་བྱས་པ་དེ་ཡིན། འདི་རྣམས་ཤར་ས་དབུས་རྒྱ་མཚོའི་ཡུལ་མང་པོ་ནས་རྙེད་པ་སྟེ། བྱང་སེ་མུའུ་ཐིའི་(Semites,闪米特)དབྱངས་གསལ་ཞེས་བྱ། དེ་ཡང་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤར་འགྲམ་གྱི་དེང་སང་ལེ་པ་ནོན་(Lebanon,黎巴嫩) རྒྱལ་ཁབ་ཀྱི་ཡུལ་འདིར་སྔོན་སི་རི་ཡ་ཕ་ལི་སི་ཐན་(Syria-palestine,叙利亚.巴勒斯坦)ཞེས་བྱ་ཞིང༌། ཡུལ་དེའི་མི་དམངས་རྣམས་ནི་ཚོང་ལ་བརྟེན་ནས་འཚོ་བ་དག་ཡིན། ཁོང་ཅག་གི་བྱང་དང་ཤར་ན་འཛེར་ཡིག་དར་ལ། ལྷོ་དང་ནུབ་ན་ཨེ་ཅིབ་ཀྱི་ལྷ་ཡིག་དར་མོད། འོན་ཀྱང་ཁོང་ཚོ་ལ་དཀའ་རྙོག་ཅན་གྱི་ཡི་གེ་དེ་དག་སློབ་སྦྱོང་བྱེད་པའི་ཁོམ་ལོང་མེད་པས་ཡི་གེ་དེ་དག་གི་ནང་དུ་ཡོད་པའི་སྒྲ་གདངས་མཚོན་བྱེད་ཀྱི་རྟགས་རྣམས་ལ་ལད་མོ་བྱས་ནས་རང་གི་སྐད་ཆའི་ནང་གི་གདངས་རྣམས་མཚོན་བྱེད་ཀྱི་མཚན་མའམ་རི་མོ་གསར་བསྐྲུན་བྱས་ཏེ། རི་མོ་དེ་རྣམས་ལ་བརྟེན་ནས་ཚོང་རྫས་རྣམས་ཀྱི་མིང་དང་རིན་གོང་སོགས་ཐོ་འགོད་བྱས། ཁོང་ཅག་ལ་དེ་སྐབས་སུ་དབྱངས་དང་གསལ་བྱེད་སོ་སོའི་གོ་དོན་མ་ཆགས་ཤིང་རང་གིས་བྱས་པའི་བྱ་བ་དེ་རླབས་ཆེ་བའི་གསར་བཏོད་ཅིག་ཡིན་པའི་བསམ་པའང་མེད་མོད། འོན་ཀྱང་འདི་ཕྱིས་ཀྱི་དབྱངས་གསལ་ཡི་གེ་ཐམས་ཅད་སྤྲོ་བའི་ས་བོན་དུ་གྱུར་པས་འཛམ་བུ་གླིང་གི་ཡི་གེའི་ལོ་རྒྱུས་ཀྱི་ཐོག་ཏུ་རླབས་ཆེ་བའི་གསར་བཏོད་ཅིག་ཏུ་གྱུར་ཏོ།།
 
   བྱང་སེ་མུའུ་ཐིའི་དབྱངས་གསལ་ཡི་གེ
   དེ་ལྟར་དབྱངས་གསལ་གྱི་ཡི་གེ་སྲོལ་བཏོད་པའི་རྗེས་ནས་དབྱངས་གསལ་གྱི་མ་ལག་བཞི་རུ་གྱེས་ཏེ། ཁ་ནན་(Canaanite,迦南)དབྱངས་གསལ་མ་ལག་དང༌། ཨ་ར་མ་(Aramaic,阿拉马)དབྱངས་གསལ་མ་ལག་དང༌། ལྷོ་སེ་མུས་ཐུའམ་ས་པ་(Saba,撒巴)དབྱངས་གསལ་མ་ལག་དང༌། ཧེ་ལིན་(Greek alphabet,希腊)དབྱངས་གསལ་མ་ལག་གོ །དེ་ནས་རིམ་བཞིན་དབྱངས་གསལ་གྱི་མ་ལག་དེ་རྣམས་འཛམ་གླིང་གི་ཤར་ནུབ་ཀྱི་ཕྱོགས་གཉིས་སུ་གྱེས་ནས་འཕེལ་རྒྱས་བྱུང་སྟེ། ཤར་ཕྱོགས་སུ་འཕེལ་བ་ནི་ཨ་ར་མ་དབྱངས་གསལ་མ་ལག་དང་རྒྱ་གར་དབྱངས་གསལ་མ་ལག་ཏུ་གྱུར། ནུབ་ཕྱོགས་སུ་གྱེས་པ་ནི་ཁ་ནན་དབྱངས་གསལ་མ་ལག་དང་ཧེ་ལིན་དབྱངས་གསལ་མ་ལག་ཏུ་གྱུར་ཏོ། །དེ་ལས་ཨ་ར་མ་དབྱངས་གསལ་ཡི་གེ་དེ་ཨེ་ཤ་ཡའི་གླིང་ཧྲིལ་པོ་འཕྲེད་བཅད་དུ་འཕེལ་ནས་རིམ་པར་ཡིག་རིགས་བཅུ་ཕྲག་ལྷག་ཏུ་གྱུར་ཅིང་དེའི་བརྒྱུད་པ་གཙོ་བོ་ནི་ད་ལྟ་རྒྱལ་སྤྱིའི་ཐོག་ན་བཀོལ་བཞིན་པའི་ཨ་རབ་ཀྱི་དབྱངས་གསལ་ཡི་གེ་ཡིན་ནོ། །
   དེ་ལ་ཨ་ར་མ་ཞེས་པ་ནི་སེ་རས་ཡ་དང་གཙང་པོ་གཉིས་ཀྱི་འབབ་ཡུལ་ན་གནས་པའི་ཨ་ར་མའི་མི་ཞེས་པའི་མི་རིགས་ཤིག་ཡིན་ལ། དེ་རྣམས་ཀྱི་ཡི་གེ་ལ་ཨ་ར་མ་དབྱངས་གསལ་ཡི་གེ་ཞེས་བྱ། ཡི་གེ་འདི་རྡོ་རིང་གི་ངོས་སུ་བརྐོས་པ་དག་ཨ་ར་མའི་མི་རྣམས་ཀྱི་གནས་དང་གཞན་ཡང་ཨེ་ཅིབ་དང་ཧེ་ལིན་དང་བྱང་ཨ་རབ་དང་རྒྱ་གར་སོགས་ནས་རྙེད་དེ། ཕལ་མོ་ཆེ་ཞིག་སྤྱི་ལོ་སྔོན་གྱི་དུས་རབས་དགུ་པ་ནས་བདུན་པའི་བར་དུ་བྱས་པ་དག་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ཙམ་ན་ཡི་གེ་འདི་སེ་རས་ཡ་དང་གཙང་པོ་གཉིས་འབབ་ཡུལ་གྱི་ཡོངས་ཁྱབ་ཏུ་བཀོལ་བའི་ཡི་གེར་གྱུར་བར་མ་ཟད་ཨེ་ཅིབ་ནས་ཨེ་ཤ་ཡ་ཆུང་བ་(Asia minor,小亚细亚)བརྒྱུད་རྒྱ་གར་བར་གྱི་རྒྱལ་སྤྱིའི་ཚོང་ལམ་ཐོག་ཏུ་བཀོལ་བའི་ཡི་གེར་ཡང་གྱུར་ཏོ། །
   རྒྱ་གར་ན་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའམ་བརྒྱད་པ་ཙམ་སྟེ། བདག་ཅག་གི་སྟོན་པའི་སྔོན་གྱི་ལོ་བརྒྱ་ཕྲག་འགའ་ཞིག་ནས་ཡི་གེ་ཡོད་པར་འདོད་ཅིང༌། ཡི་གེ་རྣམས་ཀྱི་ཕྱི་མོར་གྱུར་པ་ནི་པྲཧྨ་(Brami,婆罗米)ཞེས་བྱ་བའི་ཡི་གེ་ཡིན། འོན་ཀྱང་པྲཧྨ་ཞེས་པའི་མིང་འདི་ནི་སྤྱི་ལོའི་དུས་རབས་གསུམ་པའམ་བཞི་པ་ཙམ་ན་བྱུང༌། དེའི་ཚེ་ན་ཡི་གེ་འདི་བྱུང་ནས་ལོ་སྟོང་ལྷག་ཙམ་སོང་བས་ཕྱིས་ཀྱི་མི་རྣམས་ཀྱིས་ཡི་གེ་འདི་ཚངས་པས་བྱས་པ་ཡིན་པར་འདོད་ནས་མིང་དེ་ལྟར་བཏགས་པ་སྟེ་པྲཧྨ་(Bram,婆罗马)ཞེས་པ་ནི་ཚངས་པའི་མིང་ངོ༌། །དགེ་འདུན་ཆོས་འཕེལ་གྱི་གསུང་ལས། འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ་ཞེས་གསུངས་དེ་འདི་ཡིན། དེ་སྐབས་ཀྱི་མུ་སྟེགས་པའི་རིག་བྱེད་རྣམས་ཀྱང་ཡི་གེ་འདིས་བྲིས་པ་ཡིན་ལ། སྟོན་པ་ཞལ་བཞུགས་པའི་ཚེ་ན་ཡབ་རྒྱལ་པོ་ཟས་གཙང་གིས་གཞོན་ནུ་རིང་དུ་མ་མཐོང་བས་མཐོང་བར་འདོད་ནས། མངལ་རུམ་བཞུགས་པ་ཚུན་ཆད་ནས། ། བདག་གིས་ལེགས་པར་ཁྱོད་བསྲུངས་ཏེ། །ཉོན་མོངས་གདུགས་ཀྱིས་རབ་གདུགས་པས། །རྒྱལ་པོའི་ལྗོན་ཤིང་སྡོད་ཅིང་མཆིས། །སློབ་མའི་ཡལ་ག་རྩ་ལག་གིས། །ད་ལྟར་ཁྱོད་ནི་རྒྱས་གྱུར་པས། །གཞན་དག་བདེ་བས་དགའ་མཛད་ན། །བདག་ནི་སྡུག་བསྔལ་བསྟེན་པར་གྱུར། །གང་ཚེ་དང་པོ་ཁྱོད་བསྲུངས་ཚེ། །ཤིན་ཏུ་དོན་ཆེན་མཛད་ནས་ནི། །ཉེ་དུ་རྗེས་སུ་གཟུང་མཛད་ཅེས། །དེ་ཚེ་ཁྱོད་ཀྱིས་ཐུགས་དམ་བཅས། །དེ་སླད་གོ་འཕང་ཞི་བརྙེས་ཁྱོད། །བདག་དང་ཉེ་དུའི་ཚོགས་རྣམས་ལ། །རྗེས་སུ་ཐུགས་བརྩེས་ཉེར་བཟུང་སྟེ། །འབྱོན་པའི་བློ་གྲོས་མཛད་དུ་གསོལ། །ཞེས་བྲིས་ནས་འཆར་ཀ་ལ་བསྐུར་བ་སྟོན་པ་ཉིད་ཀྱི་ཕྱག་གིས་བཞེས་ནས་ཀློག་པར་མཛད་པའི་འཕྲིན་ཡིག་དང། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་བཀའ་བསྡུ་དང་པོའི་སྐབས་སུ་སྡེ་སྣོད་གསུམ་ཡི་གེར་བཀོད་པ་དང༌། མོར་ཡའི་(Maurya,摩立亚)རྒྱལ་རབས་ཀྱི་སྐབས་ལས་སྤྱི་ལོའི་སྔོན་གྱི་ལོ་༢༦༤ནས་༢༢༧ཙམ་གྱི་དུས་སུ་རྒྱལ་སྲིད་བཟུང་བའི་རྒྱལ་པོ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་༣༥ཙམ་ལས་གཉིས་མ་གཏོགས་གཞན་ཐམས་ཅད་ཀྱི་ཡི་གེ་བཅས་པ་ཡིག་གཟུགས་འདིས་བྲིས་པ་ཤ་སྟག་ཡིན་པར་མངོན་ནོ།།
 
   པྲཧྨའི་དབྱངས་ཡིག
   པྲཧྨའི་གསལ་བྱེད་ཡི་གེ པྲཧྨའི་དབྱངས་གསལ་གྱི་རྒྱུན་མཐོང་གཟུགས་འགྱུར། འོ་ན་ཡི་གེ་འདིའི་གཟུགས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དགེ་འདུན་ཆོས་འཕེལ་གྱི་གསུང་ན་མགདྷའི་ཡི་གེའི་ཀ་དཔེ་བྲིས་འདུག་པ་དེ་རང་ཡིན། ཡི་གེ་འདིའི་འབྱུང་ཁུངས་ཐད་ལ་རྒྱ་གར་གྱི་མི་རང་གིས་གསར་བཏོད་བྱས་པའམ་ཡུལ་གཞན་ནས་བྱུང་བ་དང༌། གཞན་ནས་བྱུང་ས་ལའང་འདོད་པ་མི་མཐུན་པ་འགའ་རེ་ཡོད་ཀྱང་ཟུང་ཟད་འཐད་པའི་ཕྱོགས་ནི་འདིའི་ཟུགས་ཕལ་མོ་ཆེ་ཞིག་ཨ་ར་མའི་དབྱངས་གསལ་ཡི་གེའི་རྣམ་པ་དང་འདྲ་བས་དེ་ལས་བྱུང་བར་འདོད་པ་དེ་ཡིན་པར་བྱེད་དོ། །གནའ་བོའི་ཡི་གེ་འདིའང་ཕྱིས་རྒྱ་གར་གྱི་མི་རྣམས་ཀྱིས་ཡུན་རིང་པོའི་བར་བརྗེད་པར་གྱུར་ནས་དུས་རབས་བཅུ་དགུ་པའི་ནང་དུ་གདོད་གནའ་ཡིག་རྟོག་ཞིབ་པ་རྣམས་ཀྱིས་གསར་དུ་ཀློག་ཤེས་པར་གྱུར་པ་ཡིན་ནོ། །
   དུས་རབས་བཞི་པའི་སྐབས་ན་རྒྱ་གར་གྱི་རྩོམ་རིག་དང་སྒྱུ་རྩལ་དར་ཞིང་རྒྱས་པས་པྲཧྨ་དབྱངས་གསལ་ཡི་གེ་ལའང་རིམ་པར་འགྱུར་བ་བྱུང་ནས་གུཔྟའི་(Gupta,笈多)དབྱངས་གསལ་ཡི་གེར་གྱུར། འདི་གུཔྟའི་རྒྱལ་རབས་ཀྱི་མིང་གིས་བཏགས་པའོ། །གུཔྟའི་རྒྱལ་རབས་ལ་སྔ་ཕྱི་གཉིས་ལས་སྔ་མ་སྤྱི་ལོ་༣༢༠དུས་སུ་ཚུགས་ཤིང༌། ཕྱི་མ་ནི་སྤྱི་ལོ་༥༣༥ནས་༧༣༠བར་དུའོ། །དུས་རབས་བདུན་པའི་མཇུག་ཙམ་ན་གུཔྟའི་ཡི་གེ་དེའི་རྨང་གཞིའི་ཐོག་ནས་ན་ག་རའི་ཡི་གེ་བྱུང༌། ན་ག་ར་ཞེས་པ་གྲོང་ཁྱེར་ཏེ་གྲོང་ཁྱེར་གཟུགས་ཀྱི་ཡི་གེ་ཞེས་པའི་དོན་ནོ། །དུས་རབས་བརྒྱད་པའི་སྐབས་སུ་ན་ག་རའི་ཡི་གེ་ལས་ལཉྩའི་ཡི་གེ་བྱུང་བར་གྱུར་ཏོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག