དེ་རྣམས་ཀྱི་ནང་ནས་འདིར་སྐད་ཡིག་གི་ལོ་རྒྱུས་ཅུང་ཟད་འཆད་དེ། སྐད་ཡིག་ནི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་ཡིན་པའི་ཕྱིར་རོ། །འདི་ལ་སྐྱེས་གནས་འཆི་གསུམ་གྱི་ལོ་རྒྱུས་ལས། དང་པོ་སྐད་ཡིག་གི་སྐྱེས་པའི་ལོ་རྒྱུས་ཞེས་པ་ནི། སྐད་དང་ཡི་གེ་དེ་རྣམས་སྔོན་མེད་གསར་དུ་བྱུང་བའོ། །འདི་ལ་གཉིས་ཏེ་སྐད་སྐྱེས་ཚུལ་དང་ཡི་གེ་སྐྱེས་ཚུལ་ལོ། །དང་པོ་སྐད་སྐྱེས་ཚུལ་ནི། དེང་སང་གི་ཟེར་སྒྲོས་ལྟར་བཤད་ན། མི་རྣམས་ཀྱི་ཐོག་མ་སྤྲ་ལས་བྱུང་ལ་དེ་ཡང་ཨ་ཧྥེ་རི་ཀ་ནས་བྱུང་བར་འདོད་དེ། ལོ་ས་ཡ་བདུན་ནས་ས་ཡ་ལྔའི་བར་ཙམ་གྱི་ཡར་སྔོན་ན་ཨ་ཧྥེ་རི་ཀའི་ཡུལ་དུ་མིའི་རིགས་ཀྱི་ཐོག་མའི་མེས་པོར་གྱུར་པའི་སྤྲ་དང་སྤྲ་གཞན་རྣམས་རིམ་འགྱུར་གྱི་དབང་གིས་སོ་སོར་རིགས་མི་འདྲ་བར་གྱུར། མིའི་རིགས་ཀྱི་མེས་པོ་དེ་རྣམས་ཕྱིས་སུ་སྐོར་ཆེན་པོ་གཉིས་སུ་གྱེས་ཏེ། ལྷོ་སྤྲའི་(Autralopithecus,南猿属)སྐོར་དང་མིའི་(Homo,人属)སྐོར་རོ། །ལྷོ་སྤྲའི་སྐོར་དེ་རྣམས་ལོ་ས་ཡ་བཞི་དང་འབུམ་ཕྲག་གཅིག་གི་སྔོན་ཙམ་ན་རིམ་པར་འགྱུར་ཏེ་གྱེན་དུ་འགྲེངས་ནས་ལངས་ཐབས་སུ་འགྲོ་བར་གྱུར། ལོ་ས་ཡ་ཕྲག་གསུམ་ཙམ་སྔོན་གྱི་ལྷོ་སྤྲའི་རིགས་དེ་རྣམས་ད་ལྟའི་སྤྲ་ནག་པོ་དང་མཚུངས་ཏེ། ལངས་ནས་འགྲོ་ཤེས་ཀྱང་གཏམ་སྨྲ་མི་ཤེས་ཞེས་ཆེད་མཁས་པ་ཕལ་ཆེ་བས་འདོད་དོ། །
ལྷོ་སྤྲའི་སྐོར་གྱི་ནང་གི་སྐོར་གཅིག་ལོ་ས་ཡ་གཉིས་དང་འབུམ་ལྔ་ཙམ་གྱི་སྔོན་ནས་རིམ་པ་བཞིན་དུ་འགྱུར་ཏེ་མིའི་སྐོར་ཞེས་པ་དེར་གྱུར། མི་སྐོར་དེའི་ནང་ནས་ལོ་ས་ཡ་གཉིས་དང་འབུམ་ཕྲག་བཞི་ཙམ་གྱི་སྔོན་དུ་འཇོན་མི་(Homo Habilis,巧人)ཞེས་པ་བྱུང་སྟེ། ཤེས་མིའི་རིགས་བརྒྱུད་མང་དུ་འཕེལ་ཞིང་དེ་རྣམས་ཀྱིས་རྡོ་ཆས་སྟབས་བདེ་བཟོ་ཤེས་ཤིང་མེ་བཀོལ་སྤྱོད་བྱེད་ཤེས་ཏེ། མེ་བཀོལ་སྤྱོད་བྱེད་པའི་སེམས་ཅན་ཐོག་མ་དེའང་ཁོ་ཚོ་ཡིན། ལོ་ས་ཡ་གཅིག་དང་འབུམ་དྲུག་ཙམ་གྱི་སྔོན་ན་བཟོ་མི་ (Homo ergaster,匠人)ཞེས་པ་བྱུང༌། ཤེས་མི་དང་བཟོ་མི་གཉིས་ཀའི་ལུས་ཁམས་ཀྱི་ཆགས་ཚུལ་ལ་བརྟགས་ན་ད་དུང་སྐད་ཆ་ཤོད་ཐུབ་པའི་ཆ་རྐྱེན་ཚང་མེད། དེས་ན་གཏམ་སྨྲ་ཤེས་པའི་མིའི་རིགས་ཀྱི་མེས་པོ་ཐོག་མ་ད་ལྟ་ཤེས་པ་ནི་ལོ་འབུམ་ཕྲག་བཞིའི་སྔོན་ཙམ་དུ་བྱུང་བའི་འགྲེང་མི་(Homo Erectus,直立人)ཞེས་པ་དེ་ཡིན། འོན་ཀྱང་འགྲེང་མིས་བཤད་པའི་སྐད་དེ་ཐ་སྙད་ཐར་ཐོར་སྟབས་བདེ་ཙམ་ཞིག་ཡིན་པར་མངོན། འགྲེང་མི་ལས་ཡང་མི་གཉིས་སུ་གྱེས་ཏེ། ལོ་འབུམ་ཕྲག་གསུམ་གྱི་སྔོན་དུ་བྱུང་བའི་མཛངས་མི་(Homo Sapiens,智人)ཞེས་པ་དང༌། ལོ་འབུམ་ཕྲག་གསུམ་ནས་ཁྲི་ཕྲག་གསུམ་བར་གྱི་སྔོན་དུ་བྱུང་བའི་ནེ་ཨན་ཏིར་ཐུ་(Homo Neanderthalensis,尼安德塔人)ཞེས་པའི་མིའོ། །ལོ་ཁྲི་ཕྲག་བཅོ་ལྔའི་སྔོན་ནས་དེང་རབས་མི་བྱུང་ངོ༌། །མི་དེ་རྣམས་ཀྱི་ནང་ནས་ནེ་ཨན་ཏིར་ཐུ་མི་ནས་བཟུང་གཏམ་ལེགས་པར་སྨྲ་ཤེས་པས་རྙོག་འཛིང་ཅན་གྱི་མིང་ཚིག་རྣམས་ཡོད་ཅེས་ཟེར་རོ། །དེས་ན་མི་རྣམས་ཀྱིས་གཏམ་ལེགས་པར་སྨྲ་ཤེས་ནས་ལོ་འབུམ་ཕྲག་གསུམ་སོང་བས་མིའི་རིགས་ཀྱི་སྐད་ཡོངས་སུ་སྨིན་པར་གྱུར་པའི་ལོ་རྒྱུས་ལ་ལོ་འབུམ་ཕྲག་གསུམ་ཙམ་ཡོད་ཅེས་བརྗོད་པར་བྱའོ། །དེ་ལྟ་ནའང་རྣམ་གཞག་འདི་དག་ཐམས་ཅད་ས་འོག་ནས་རྙེད་པའི་མིའི་རུས་པ་སོགས་ལ་བརྟགས་ནས་ཚོད་དཔག་གིས་སྨྲས་པ་དག་ཡིན་ལ། དངོས་པོ་གསར་རྙེད་བྱུང་རིམ་བཞིན་དུ་བཤད་ཚུལ་ལའང་འགྱུར་བ་མང་པོ་འོང་གིན་འདུག་པས་མཐའ་གཅིག་ཏུ་ངེས་པ་ཡོད་དཀའ་བར་སྣང་སྟེ། ད་ལྟ་གནས་སྐབས་ཀྱི་འདོད་ཚུལ་ཙམ་ཞིག་ཡིན་ཞེས་ཤེས་པར་བྱའོ། །(རྩོམ་འགན་པ། རྟ་མགྲིན)