དེ་ནས་བཟུང་ང་རང་བྱེད་སྒོ་དེར་གཏན་ནས་ཞུགས་མ་བསམས།
དེ་ནི2002ལོའི་སྟོན་ཁ་རེད། ང་རང་ནང་ལོག་ནས་ཕྱིར་ནུབ་བྱང་མི་རིགས་སློབ་ཆེན་ནང་ཡོང་སྟེ་ཅུང་མ་འགོར་བར་སློབ་ཆེན་འདིའི་ནང་གི་བོད་མོ་འགས་ང་ལ། ངེད་ཅག་གིས“སྒྲོལ་མའི་དུས་སྟོན”ཞེས་པའི་བྱེད་སྒོ་ཞིག་སྤེལ་ཡོད། དེ་ནི་སློབ་སྐབས་གཅིག་ནང་ལ་སློབ་གྲྭ་འདིའི་ནང་གི་བོད་མོ་ལས་བྱེད་པ་ཡོངས་མ་མཐའ་ཡང་ཐེངས་རེར་ལྷན་དུ་འཛོམས་ནས་ངལ་གསོའམ་སྤྲོ་གསེང་བྱེད་ཞོར་ཕན་ཚུན་ཁ་བརྡ་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་ཤིག་བསྐྲུན་ཏེ་ཐེངས་འགར་འདུས་པ་མ་ཟད་སྒྲིག་སྲོལ་ཡང་གཏན་ཁེལ་བྱས་ཡོད། ཐེངས་རེར་བུད་མེད་གཉིས་ཀྱིས་ཉིན་ཧྲིལ་བོའི་དུས་ཚོད་དང་ས་གནས། བཟའ་བཏུང་། རྩེད་མོའི་རྣམ་པ་སོགས་བཀོད་སྒྲིག་ཡག་པོ་བྱེད་པར་འགན་འཁུར་དགོས། ད་ཐེངས་ཁྱོད་དང་ཚེ་དབང་ལྷ་མོ་ཡིན་པས་སྔོན་མའི་སྒོར་ལྷག་དང་མིང་ཐོ། དབང་ཆ་བཅས་ཁྱོད་གཉིས་ལ་སྤྲད་པ་ཡིན་ཟེར།
གཟའ་མཇུག་ལ་ངེད་གཉིས་ཀྱིས་ཐམས་ཅད་ཚགས་སུ་ཆུད་པ་བྱས་རྗེས་དུས་ལྟར་མི་རེ་རེར་བརྡ་བརྒྱབ་པ་དང་བསྟུན་ནས་བོད་མོ་སོ་བརྒྱད་དགའ་ལྷང་ལྷང་ངང་སླེབས་བྱུང་། བུད་མེད་རྣམས་གཞི་ནས་མཛེས་བཟོ་དང་གཟབ་འཆོར་ལ་དགའ་བ་ནི་ཁོང་ཚོའི་ལྷན་སྐྱེས་ཡིན་པས་ཉིན་དེར་ཚང་མས་ཆེད་དུ་གོས་གང་བཟང་གྱོན་ཞིང་རྒྱན་གང་ཡག་བཏགས་ཡོད་ཚོད་རེད། སླེབས་མ་ཐག་ཕན་ཚུན་ལ་མངོན་ལྐོག་གང་རུང་གིས་མིག་ཞགས་འཕངས་ཏེ་བུད་མེད་གང་དེའི་རྒྱན་གོས་ཡག་མིན་དང་གང་ལ་རྒྱན་གོས་དེ་འཚམ་མིན་གླེང་བ་རེད། སྐབས་དེར་ང་རང་རྩ་འཛུགས་བྱེད་མི་ཡིན་པའི་ཆ་ནས་ཉིན་དེ་གཅིག་པུར་རང་ཉིད་ལ་དབང་ཆ་ཡོད་སྙམ་པ་མ་ཟད། ཚང་མ་མཐོ་རིམ་སློབ་གསོ་མྱངས་པའི་ལས་བྱེད་པ་དག་ཡིན་སྟབས་ཉིན་ཧྲིལ་བོར་ཉོག་གཏམ་ཁོ་ནར་མི་ཞུགས་ཆེད་སྤྲོ་གསེང་གི་ཁྲོད་དུ་ང་ཚོར་ངེས་པར་ནང་དོན་ལྡན་པའི་རིག་གནས་ཐད་ཀྱི་གླེང་གཞི་ཞིག་ཅིས་ཀྱང་ཡོད་ན་འགྲིག་བསམས་ཞོར་ཚོགས་མགོ་འཛིན་པར་སྐད་ཆེན་པོས། གྲོགས་མོ་རྣམ་པ། ལས་གྲོགས་རྣམ་པ། རླབས་ཆེ་བའི་མ་ཡུམ་རྣམ་པ། དེ་རིང་ནི་འུ་ཅག“སྒྲོལ་མའི་དུས་སྟོན”ཞེས་པའི་བྱེད་སྒོ་སྤེལ་ཐེངས་གསུམ་པ་རེད། དུས་སྟོན་འདི་དང་བསྟུན་ནས་འུ་ཅག་གིས་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པ་གཞི་བྱེད་རྒྱུ་དང་མཚུངས་སུ། འུ་ཅག་ཚང་མ་ནི་མཐོ་རིམ་སློབ་གསོ་མྱངས་པའི་བོད་ཀྱི་བུད་མེད་དག་ཡིན་པས་དེ་རིང་གི་སྤྲོ་ཚོགས་སུ་དོན་སྙིང་ལྡན་པའི་རིག་གནས་ཀྱི་རོལ་རྩེད་ཅིག་ཀྱང་ཡོད་དེ།དེ་ནི་དེ་རིང་ཉིན་ཧྲིལ་བོའི་བྱེད་སྒོའི་ཁྲོད་དུ་ང་ཚོས་བོད་སྐད་ཁོ་ན་ལས་རྒྱ་སྐད་སོགས་མི་རིགས་གཞན་གྱི་སྐད་ཆ་གསབ་མི་ཆོག་པའི་སྒྲིག་ལམ་བཙུགས་ཡོད། གལ་ཏེ་སུས་བཤད་ན་གླུ་ལེན་པའམ་བྲོ་རྩེ་བ་སོགས་ཀྱི་ཆད་པ་ཡོད་ཅེས་བསྒྲགས། མཐུད་ནས་ངས་ཀུ་རེའི་ཚུལ་དུ་ང་མ་གཏོགས་ཁྱེད་ཅག་ཚང་མ་རླབས་ཆེ་བའི་ཨ་མ་དག་རེད། རང་གི་ཕྲུ་གུའི་མ་འོངས་པའི་ཆེད་དུའང་དེ་རིང་ཚང་མས་བོད་སྐད་བརྗོད་རོགས་ཞུ། ཞེས་སྨོས་པ་ན། བུད་མེད་སྐོར་ཞིག་གི་བཞིན་མདངས་དེ་མ་ཐག་འགྱུར་བ་མ་ཟད། དེ་ཁག་པོ་རེད་ཟེར། ཉིན་དེར་ངའི་འཆར་གཞི་རྩ་བ་ནས་འཆོལ་ཐལ། ཉིན་གང་བོའི་རྩེད་འཇོ་དང་ལབ་གླེང་ཁྲོད་རྒྱ་སྐད་ནི་མེད་མི་རུང་བ་ལྟར་ཚང་མས་བརྗོད་ཀྱིན་འདུག དེ་ནས་བཟུང་བྱེད་སྒོ་དེ་སྤེལ་བར་ང་ཡུན་རིང་ལ་མ་ཞུགས།
ན་ནིང་དབྱར་ཁའི་བྱེད་སྒོ་གཞན་ཞིག་གིས་ང་ལ་ཡུན་རིང་བོར་འདང་རྒྱག་དང་སེམས་ཁུར་བྱིན།
ཉིན་དེར་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གི་ཚོགས་འདུའི་ཁྲོད་མ་མཐའ་ཡང་བརྒྱ་ཆའི་གོ་ལྔ་བོད་པ་རེད། ཧ་ལམ་ཆུ་ཚོད་བཞིའི་རིང་ལ་ཚོགས་འདུ་བསྡུས་ཤིང་། མི་རེ་རེ་ནས་རང་གི་འདས་པའི་གནས་ཚུལ་ཏེ། སློབ་སྦྱོང་གི་གྲུབ་འབྲས་དང་ཀུན་སྤྱོད་ཀྱི་ཡག་བཙོགསྒྲིག་ལམ་བརྩི་སྲུང་བྱས་པའི་ཚད་གཞི་སོགས་ཞིབ་བརྗོད་བྱས་པ་མ་ཟད། ད་དུང་མི་འདང་ས་ཕྱོགས་གང་དག་ན་ཡོད་པ་དང་མ་འོངས་པར་དོ་སྣང་བྱ་དགོས་ས་གཙོ་བོ་གང་ཡིན་བཅས་མདོར་ན་རྒྱ་ཆེ་བའི་ཚོགས་མི་རྣམས་ལ་རང་ཉིད་ངོ་སྤྲོད་ཞིབ་མོ་རེ་བྱས་པ་དེ་ཡིན།
སློབ་གྲོགས་རྣམས་ཀྱིས་རིག་ལམ་གསལ་ཞིང་ཁ་ལྕེ་དག་མོའི་སྒོ་ནས་རང་ལ་ཧུར་བརྩོན་ཆེ་ཞིང་སྤྱོད་བཟང་ཡིན་ཚུལ་བརྗོད་པར་ཉན་ན། ད་ནི་ངེད་ཅག་ཕྱོགས་ཡོངས་ནས་ཚད་ངེས་ཅན་ཞིག་ལ་བསླེབས་འདུག་སྙམ་པའི་དགའ་སྣང་ཞིག་དབང་མེད་དུ་སྐྱེས་འོང་ནའང་། ཡིད་སྐྱོ་བ་ཞིག་ནི་ཉིན་དེར་རང་ཉིད་ངོ་སྤྲོད་བྱེད་མཁན་མི་དྲུག་ཅུ་རེ་བཞི་ཡོད་པའི་ནང་དུ་བོད་སྐད་བཤད་མཁན་ཉུང་ཤས་རེད། ཚོགས་འདུ་དེའི་ཁྲོད་ན་བོད་མིན་པའམ་ཡང་ན་བོད་སྐད་མི་གོ་བའི་མི་ག་ཚོད་ཡོད་པར་ཚོད་དཔག་བྱས་ན་བརྒྱ་ཆའི་ལྔ་མེད་ཤས་ཆེ། རྒྱུ་མཚན་ནི་ཁོ་ཚོ་ཚང་མ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མ་དག་ཡིན། འོན་ཀྱང་བོད་སྐད་བཤད་མཁན་ཉུང་ཤས་ནང་གི་ཉུང་ཤས་རེད། ལྷག་པར་བོད་སྐད་མི་བཤད་པ་མང་ཤས་བོད་མོ་ཚོ་རེད། ཨ་ཁ། སྤྱིའམ་ཐུན་མོང་གི་རྒྱང་རིང་བསམས་ན། དེ་ནི་གནད་དོན་ཚབས་ཆེན་ཞིག་མིན་ནམ།
ཁས་ལེན་རྒྱུ་ཞིག་ལ། མི་རིགས་གང་ལ་མཚོན་ནའང་སྐྱེས་མ་ཚོས་སྐད་རིགས་གང་ཞིག་སྦྱང་རུང་སྐྱེས་པ་ལས་ཅུང་མགྱོགས་པོར་ངེས་ཐུབ་པ་མ་ཟད། དག་མོ་ཡང་བརྗོད་ཐུབ་པ་རེད། མི་སུ་ཡིན་རུང་གལ་ཏེ་ནུས་པས་ལྕོགས་ན་འཇིག་རྟེན་འདིར་སྦྱང་ན་མི་མཁོ་བའམ་སྦྱང་མི་དགོས་པའི་ཤེས་རིག་ཅིག་ཕལ་ཆེར་ཡོད་མི་སྲིད། དེའི་སྟབས་ཀྱིས་སྐད་རིགས་ཐམས་ཅད་ཀྱང་བསླབ་ལོས་དགོས་ཏེ། ད་དུང་དག་མོ་ཡག་པོ་བཤད་ཤེས་ན་རྒྱན་ཆ་ཞིག་ལོས་ཡིན་མོད། རང་གི་མི་རིགས་འདུ་ས་ནས་བོད་སྐད་བཤད་ན་དེ་ཁྱད་ཆོས་སམ་རྒྱན་དུ་མི་བརྩི་བ་དང་སྤྱི་འབངས་ཀྱི་མ་འོངས་ཡུན་རིང་གི་ཁེ་ཕན་མི་བསམ་པ་ནི་ཇི་འདྲའི་སྐྱོ་བ་ཞིག་རེད་ཨང་།
དགོད་བྲོ་བ་ཞིག་ནི། གཏམ་བཤད་པར་ངེས་པར་རྒྱ་སྐད་ཡིན་དགོས་པའི་རེ་བའམ་ཆ་རྐྱེན་མེད་ལ་མི་མང་ཤས་ཀྱིས་རྒྱ་སྐད་བཤད་ཧ་ཅང་ཁག་པོ་ཡིན་བཞིན་དུ་ཁོ་ཚོས་ཨུ་ཚུགས་ཀྱིས་རྒྱ་སྐད་ད་མ་དིག་པོ་བཤད་ངེས་རེད། བར་ནས་ངས་མ་བཟོད་པར་སྐད་མཐོན་པོས། འདིར་བཞུགས་ཚང་མ་བོད་པ་ཡིན་བཞིན་དུ་ཁྱོད་ཚོས་ཅིའི་ཕྱིར་བོད་སྐད་མི་བཤད། ནམ་རྒྱུན་ཚང་མའི་ཁ་ལ་ཐོགས་པ་ནི་མི་རིགས་དང་སྐད་ཡིག་གི་ལས་དབང་མ་ཡིན་ནམ། རང་སྐད་ཀྱང་བཤད་མི་འདོད་པ་རྣམས་མི་རིགས་ལ་དུང་ཞེན་ཆེ་ཞེས་པ་རྫུན་མིན་ནམ། འདིའི་ཕྱོགས་ནས་ལྷག་པར་བུ་མོ་ཚོ་ཚབས་ཆེ། ཞེས་ཐེ་མི་ཚོམ་པར་བརྗོད་པ་ན་ཚོགས་རའི་ནང་དུ་ཐལ་མོ་རྡེབ་སྒྲས་ཁེངས་བྱུང་བས་དགའ་འོས་པ་ཞིག་ཡིན་ནའང་། 2007ལོའི་ཟླ12པའི་ཚེས 28ཉིན་གྱི་ཕྱི་དྲོར། ཚོགས་འདུ་དེ་ཐེངས་གཉིས་པར་བསྡུས་དུས་སློབ་གྲོགས་མང་ཤས་ཀྱིས་སྔར་བཞིན་རྒྱ་སྐད་ཀྱིས་གཏམ་བརྗོད་ཀྱིན་འདུག་པས་ངས་རང་ཉིད་དགའ་སྔ་སོང་བ་རྟོགས་ཏེ་ཡི་ཐང་ཆད་པར་གྱུར།
དེའི་རྗེས་ངས་བྱེད་ཐབས་གཞན་ཞིག་བཙལ་ཏེ། སློབ་གྲོགས་མང་པོར་ཁ་བརྡའི་ཚུལ་གྱིས། ཁྱོད་ལྟར་ན་མི་རིགས་དང་སྐད་ཡིག་གཉིས་ལས་སྔོན་ལ་གང་ཉམས་སླ་རྒྱུ་རེད། འུ་ཅག་གིས་ཁ་ཆེ་མི་རིགས་ཀྱི་ཟས་མི་ཟ་བར་བཅད་པ་དང་བོད་སྐད་བཤད་སྐབས་རྒྱ་སྐད་ལྷད་ནས་མི་བཤད་པ་ལས་མི་རིགས་ལ་ཕན་གང་ཆེ་རྒྱུ་རེད། མི་རིགས་རང་གི་སྐད་ཆ་དང་ཆ་ལུགས་མི་རིགས་གཞན་ལ་འགྱུར་ན་ཚབས་ཆེ་རྒྱུ་ཨེ་རེད་ལ་སོགས་པའི་དྲི་བ་ཅི་ཐུབ་སྒོས་བཏོན་ཏེ་དགེ་སློབ་ཐུན་མོང་གི་ཁྲོད་ན་མིག་མཐོང་ལག་ཟིན་དུ་གནས་པའི་གནད་དོན་ངོ་མ་རྣམས་ལ་ཁོ་ཚོས་དབྱེ་འབྱེད་དང་དོ་སྣང་བྱེད་པར་རེ་བ་བྱས་པ་ཡིན་ལ། ཞོར་དུ་ངས“ཁྱོད་ཀྱིས་བོད་སྐད་ཤོད་དང” ཞེས་རང་ཉིད་ལའང་ནམ་རྒྱུན་དྲན་སྐུལ་བྱས་པ་ཡིན།
ད་ལོའི་སྤྱི་ཟླ་བཅུ་བའི་ནང་ལ་རྒྱལ་ཁབ་སློབ་གསོ་པུའུ་འམ་མཚོ་སྔོན་སློབ་གསོ་ཐིན་ནས་མི་རིགས་ས་གནས་དང་གཞི་རིམ་སྐད་གཉིས་སློབ་གསོའི་ཐད་ཀྱི་ཡིག་ཆ་ཞིག་བསྒྲགས་པ་དེས་བོད་ཁུལ་ལ་གཡོ་འགུལ་ཐེབས་ཡོད། སྐབས་དེར་ངས་སློབ་ཁྲིད་བྱེད་པའི་ཞོར་དུ་སློབ་གྲོགས་ཚོར་གནས་ཚུལ་དེའི་སྐོར་ནས་རང་གི་བསམ་ཚུལ་བརྗོད་པ་བརྒྱུད་དེ་ཁ་བརྡ་མང་བོ་བྱས་པ་དང་མཚུངས་སུ་ཁོ་ཚོའི་སེམས་ཁམས་དང་ལྟ་ཚུལ་ཇི་འདྲ་ཡིན་པར་ཉམས་ཞིབ་བྱེད་ཆེད། རྩོམ་རིག་འཛིན་གྲྭ་ཞིག་གི་སློབ་གྲོགས་ཡོངས་ལ་རང་ཉིད་ཀྱིས་ཆེས་བརྗོད་འདོད་པའི་སྐད་ཆ་རྩོམ་དུ་བྲིས་ཏེ་སྤྲོད་རྒྱུའི་ལས་བྱ་བཞག ཉིན་འགའི་རྗེས་སུ་སྤྲད་ཡོང་བའི་རྩོམ་མང་ཤས་ཀྱི་བརྗོད་བྱ་ནི་མི་རིགས་སྐད་ཡིག་ཐད་ཀྱི་དོན་དེ་ཡིན་པས་ཚང་མའི་སེམས་ཁུར་བྱ་ཡུལ་དུ་གྱུར་ཡོད་པ་རྟོགས་ཐུབ། དེར་མཐུད་ནས་ཧ་ལམ་ཟླ་གཉིས་ཀྱི་རིང་ལ་སློབ་གྲོགས་ཚང་མའི་གླེང་བྱ་དེ་ཡིན་པར་བལྟས་ན་ད་ནི་ཚང་མར་ཉེན་ཚབས་དང་ཡར་བསྐྱེད་ཀྱི་འདུ་ཤེས་ཤིག་མངོན་བཞིན་ཡོད་པ་མ་ཟད། སློབ་གྲོགས་འགས་གནད་དོན་དེ་ལ་གཞིགས་ནས་མ་སྐུལ་དང་བླངས་ངང་གོང་རིམ་ལ་ཞུ་ཡིག་ཕུལ་ཏེ་བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཤིག་བསྒྲུབས་པས་ཡིད་དགའ་བ་འདུག
འོན་ཀྱང་ཟླ11པའི་ཚེས27ཉིན་གྱི་ཏང་མི་སློབ་མའི་ཚོགས་འདུའི་ཐོག་ཏུ་སློབ་གྲོགས་མང་ཤས་ཀྱིས་རྒྱ་སྐད་བཤད་པ་རེད། སྡོམ་པས་སློབ་གྲོགས 57 གྱིས་གཏམ་བཤད་པ་ལས་བོད་སྐད་བཤད་མཁན་མི16 མ་གཏོགས་མེད་ལ། དེའི་ནང་བུ་མོ 3 ལས་མེད། དེའི་ནང་སློབ་ཆེན་ལོ་རིམ་བཞི་བའི་སློབ་མ་ཉེར་བཞི་དང་ལོ་རིམ་གསུམ་པའི་སློབ་མ་བརྒྱད། ལོ་རིམ་གཉིས་པའི་སློབ་མ་ཉེར་ལྔ་ཡོད། མཇུག་འབྲས་དེས་ཡིད་ཕངས་ཤིང་རེ་ཐག་ཆད་པར་འགྱུར་ངེས་རེད། ཤེས་རིག་གི་ཚད་མཐོ་དམའི་གང་ཟག་སུས་ཀྱང་ལས་གང་ཞིག་བསྒྲུབ་རུང་ཐོག་མར་འདུ་ཤེས་གཙོ་བོ་ཡིན་ལ། འདུ་ཤེས་དང་རྣམ་འགྱུར་ཡག་པོར་བརྟེན་ནས་ལག་བསྟར་མེད་ཚེ་བསམ་སྦྱོར་ཐམས་ཅད་སྟོང་བར་འགྱུར་ངེས་རེད། ད་ལྟའི་འུ་ཅག་ལ་དགོས་པ་ནི་ཁ་གཡེང་དང་རྣམ་པ་མིན་ལ་ཨ་གསར་དང་ཧོལ་རྒྱུགས་ཀྱང་གཏན་ནས་མ་རེད། མཁོ་བ་ནི་མི་རེ་རེའི་འདུ་ཤེས་དང་རང་འགུལ་ལ་བརྟེན་ནས་རང་གིས་བདམས་པའི་ལས་དོན་དེ་འབད་པ་རྒྱུན་འཁྱོངས་ཐུབ་རྒྱུ་གཙོ་བོ་ཡིན་པས་ནམ་ཡང་གཞན་གྱི་ལྟ་རྟོག་དང་སྐུལ་མར་བརྟེན་པའི་ཕྱིའི་རྣམ་པ་ཙམ་གྱིས་རྔོ་མི་ཐོགས། འདུ་ཤེས་ཡག་པོ་མེད་པའི་སྣང་ཚུལ་འདི་ལ་བལྟས་ན་ངེད་ཅག་གི་མ་འོངས་པར་མི་འདོད་པའི་འབྲས་བུ་ཅི་ཡང་འབྱུང་སྲིད་རྒྱུ་རེད་ཨང་།(རྩོམ་འགན་པ། རྟ་མགྲིན)