ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པེ་ཅིང་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་ཟབ་མོ།

2018-04-20 བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བས་སྤེལ་བའི་འཕྲིན།  ཟླ་4པའི་ཚེས་16ཉིན་པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དེ་ལྷ་སར་སྐོང་ཚོགས་བྱས་ཤིང་། ཚོགས་ཐོག་ཏུ་ཉེ་བའི་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཐད་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་ཕྱོགས་བསྡོམས་དང་།  པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་གྱི་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཏེ། ལོ་ངོ་24 རིང་བོད་སྐྱོར་ལས་དོན་གྱིས་པེ་ཅིང་དང་བོད་ལྗོངས་གཉིས་ཀྱི་བར་ལ་ཆུ་དང་འོ་མ་ལྟ་བུའི་བརྩེ་བ་ལྷད་མེད་འབྲི་བཞེངས་དང་།  བོད་སྐྱོར་ལས་བྱེད་པས་འགྱོད་པ་སྤུ་ཙམ་ཡང་མེད་པར་ལེགས་རྗེས་ཆེན་པོ་བཞག་པའི་རླབས་ཆེན་གྱི་ལེའུ་ཞིག་བརྩམས་པ་ལ་བརྩེ་བས་དྲན་བཟོ་མཛད།  
          ཤེས་རྟོགས་བྱུང་བར་གཞིགས་ན། 2015 ལོར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཐོག་མར་འགོ་རྩོམ་པའི་དུས་སུ། ལྷ་ས་གྲོང་ཁྱེར་དུ་ཁྱོན་བསྡོམས་རྫོང་དབུལ་པོ་8 དང་། གྲོང་ཚོ་དབུལ་པོ་232 ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་11237དང་དབུལ་པོ་44162བཅས་ཡོད་པས་དབུལ་སྐྱོར་ལས་འགན་ཧ་ཅང་དཀའ་ཁག་ལྡན་པ་རེད། 2017 ལོའི་ལོ་མཇུག་གི་བར་དུ།  ལྷ་ས་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་44162ཡོད་ཅིང་དེ་ལས་མི43837དབུལ་ཐར་བྱུང་ཞིང་། ལོ་དེར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་479.25ལེགས་འགྲུབ་བྱུང་བ་དང་།  སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་སྒོཪ་དུང་ཕྱུཪ་89.6ཡི་ཡོང་སྒོ་རག   གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12994ལ་སླེབས་པ་བཅས་ཡོང་འབབ་འཕར་ཚད་ཧ་ཅང་མངོན་གསལ་རེད།
པར་འདི་ནི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་ཡིན། 
          ལོ་ངོ་གཉིས་ལྷག་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དེ་ལྷ་ས་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ།  མིག་སྔར་ལྷ་ས་གྲོང་ཁྱེར་གྱི་དབུལ་པོ་ཆགས་ཚད་བརྒྱ་ཆ་3བར་མར་ཆགས་ཡོད་ལ། དེའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་གནང་ནས་དབུལ་ཞྭ་དངོས་སུ་ཕུད་དེ། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་རྫོང་(ཆུས་) སྐོར་ཁག་གཉིས་པར་གྱུར་བ་དང་། གཞན་རྫོང་7 ( ཆུས)ཕྱོགས་གསུམ་པའི་དཔྱད་དཔོག་བརྒྱུད་དབུལ་བོའི་ཞྭ་མོ་ཕུད་བའི་ཚད་གཞི་ལ་སླེབས་ཡོད་པར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ལ་སྒུག་ཡོད་པས། གཞི་རྩའི་ཆར་“ ལོ་གཉིས་དབུལ་སྒྲོལ་དང་།” “ ལོ་གསུམ་ལ་སྲ་བརྟན་གཏོང་བ”ཡི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད། 
          གྲུབ་འབྲས་དེ་དག་ནི་པེ་ཅིང་གྲོང་ཁྱེར་གྱི་རོགས་རམ་ཤུགས་ཆེན་ཐོབ་པ་དང་ཁ་འབྲལ་ཐབས་མེད་ལ། སློབ་གསོ་དང་སྨན་བཅོས། དབུལ་སྒྲོལ་སོགས་ཁྱབ་ཁོངས་ནང་གི་གནད་སྨིན་ཐབས་ཇུས་ལ་འབྲལ་ཐབས་མེད་པས།  ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་དང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
པར་འདི་ནི་སྙེ་མོ་རྫོང་གི་བོད་སྤོས་སྒྲིག་བཟོ་བྱེད་ཚུལ་ཡིན། 
          པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་འཆང་ནས་པེ་ཅིང་གྲོང་ཁྱེར་གྱི་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་གི་བོད་སྐྱོར་ལས་དོན་གྱི་བླང་བྱ་ལྟར། ཕུགས་སེམས་དང་རིག་སྟོབས་ཟུང་གི་ལམ་ནས་མང་ཚོགས་དབུལ་པོའི་ནང་སེམས་ཀྱི་རེ་བ་སྒུལ་ཤུགས་སུ་བཟུང་སྟེ། ཐོག་མར་སློབ་གསོའི་ཆ་ལ་གཞི་བཙུགས་ནས་མི་རབས་སུ་དབུལ་ཕོངས་འགྱུར་བའི་རྒྱུན་དེ་རྩ་བ་ནས་བཀག    ཁོ་ཚོས་སྔ་རྗེས་སུ་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་བློ་ལྡན་སྐྱེད་སྲིང་གི་སློབ་ཁྲིད་ཐོག་ཁང་དང་། འདམ་གཞུང་རྫོང་གི་སློབ་གྲྭའི་ཉི་ནུས་དྲོད་གཏོང་ལས་གྲྭ། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་འཛུགས་སྐྲུན་མཐོར་གཏོང་། ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་ཨང་22 པ་སོགས་སློབ་གསོའི་ཁྱབ་ཁོངས་ཀྱི་དབུལ་སྐྱོར་རྣམ་གྲངས་7 ལག་བསྟར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་སློབ་མ་6550ལ་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཞིང་།  སྔ་གཞུག་ཏུ་ཁྱིམ་ཚང་དབུལ་པོའི་སློབ་མ་རྣམས་ལ་སྒོར་8037.17ཡི་རོགས་དངུལ་སྤྲད་པ་དང་། རོགས་དངུལ་ཐོབ་མཁན་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་མི་ཐེངས་13139ལ་སླེབས།  
          པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་སྨན་བཅོས་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཏེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་ལ་འབད་འབུངས་བྱས། པེ་ཅིང་ནས་སྐོང་འཐེན་བྱས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་30 བོད་དུ་བསྐྱོད་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རོགས་བྱས་ནས་གྲོང་ཁྱེར་རིམ་པའི་“ཀ་པ་རིམ་པ་གསུམ་པའི་” སྨན་ཁང་གསར་དུ་བཙུགས། ལྷག་པར་དུ་ཤེས་ལྡན་མི་སྣའི་“ ཚོགས་སྒྲིག་རྣམ་པའི་” བོད་སྐྱོར་ལས་དོན་སྤེལ་ཚུན། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་མཁས་ཅན་48ཀྱིས་“ཚོགས་པས་ཚོགས་པ་ཁྲིད་པ་”དང་།“ཆེད་མཁས་པ་གཅིག་གིས་རྐང་འཛིན་འཁྲིད་པ” “ དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་” ལ་སོགས་དམར་ཁྲིད་ཀྱི་ལམ་ནས་སྨན་བཅོས་ལས་དོན་པ་གསོ་སྐྱོང་བྱས་ནས་ལྷ་སའི་སྨན་བཅོས་ལས་དོན་པ་117 སྐྱེད་སྲིང་བྱས་པ་དང་།  དབུལ་ཕོངས་མང་ཚོགས་སྨན་ཁང་དུ་བསྡད་ནས་སྨན་བཅོས་དང་སྒོ་བསྟེན་དུ་ནད་བརྟག་སྨན་བཅོས་བྱས་པའི་མི་ཐེངས1864ཡི་སྨན་བསྟེན་འགྲོ་གྲོན་སྒོར་ཁྲི་833.97རྩིས་ཞུ་བྱས། 
པར་འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པས་བྱིས་པ་གསར་པ་བསུ་བའི་ཚུལ་རེད། 
          པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོན་ལས་སྔོན་སྤེལ་དང་། རྒྱུད་ཁོངས་རོགས་སྐྱོར་རྒྱུན་འཁྱོངས་བྱས་ཏེ། ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་བྱ་བ་དེ་རང་འཁྲིའི་ལས་ཀར་བརྩིས་ནས་པེ་ཅིང་གི་ཐུང་ཀྲོའུ་དང་། མོན་ཐོའུ་ཀོའུ་དང་། ཧྲུན་དབྱི། ཏུང་ཁྲེང་བཅས་སོ་སོ་ལྷ་སའི་ཁྲེང་ཀོན་དང་། སྟོད་ལུང་བདེ་ཆེན།  སྙེ་མོ།  འདམ་གཞུང་བཅས་རྫོང་བཞི་དང་ཆུས་བར་ལ་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་ཐོན་ལས་དབུལ་སྒྲོལ་གྱི་ལས་ཀ་སྤེལ།  པེ་ཅིང་གིས་བོད་སྐྱོར་ལས་ཀར་མ་དངུལ་སྒོར་དུང་ཕྱུར་2.3 བཀོད་སྒྲིག་བརྒྱབ་ནས་སྙེ་མོའི་བོད་སྤོས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། འདམ་གཞུང་སྨན་ཆུ་ཐོན་ལས་ཅན། སྟོད་ལུང་ཁྱད་ཆོས་ལྡན་པའི་བོད་སྨན་རིག་གནས་རྒྱུན་འཛིན། ཁྲེང་ཀོན་ཆུས་འོ་བཟོས་བཟའ་ཆས་ལས་སྣོན་བཟོ་གྲྭ་སོགས་ཐོན་ལས་རྣམ་གྲངས་8ལ་རྒྱབ་སྐྱོར་བྱས་པར། དུད་ཚང་873 དང་མི3927ལ་ཐད་ཀར་ཕན་པ་ཐོབ།  མ་དངུལ་སྒོར་དུང་ཕྱུར་2.8  སྟོད་ལུང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དང་། སྙེ་མོ་རྫོང་བོད་བྱ་སྲུང་སྐྱོང་དང་གསོ་ཚགས་ལས་སྣོན། འདམ་གཞུང་དེང་རབས་ཅན་གྱི་འབྲོག་ལས་ཐོན་ལས་གླིང་སོགས་དངོས་ཚན་ཁེ་ལས་11 ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད་ཅིང་།  རྣམ་གྲངས་དེ་བསྐྲུན་རྗེས་སྔོན་དཔག་བྱས་ན་དུད་ཚང་དབུལ་བོ1250 དང་། དབུལ་བོ3500 ལྷག་གི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཐུབ་པ་རེད། 
པར་འདི་ནི་བོད་ཀྱི་འབྲིའི་འོ་མ་དེ་ནེ་པ་ལའི་རྒྱལ་སྤྱིའི་ཚོང་དོན་དངོས་མང་སྟོན་ཚོགས་ལ་ཞུགས་པའི་ཚུལ་རེད། 
          གྲུབ་འབྲས་འདི་དག་ཐོབ་པའི་རྒྱབ་ཏུ་བོད་སྐྱོར་ལས་བྱེད་པ་སྐོར་ཁག་སོ་སོའི་སྒེར་སེམས་མེད་པའི་ལག་རྗེས་ཡོད།   ལོ་ངོ24 རིང་།  པེ་ཅིང་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་བོད་སྐྱོར་ལས་བྱེད་པ་སྐོར་ཁག་8དང་ལས་བྱེད་པ763 ལྷ་སར་མངགས་ཡོད་ལ།  ཁོ་ཚོ་ཕ་ཡུལ་རྒྱང་དུ་བསྐྱུར་ཞིང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་བློ་རྩ་བརྟན་པོ་ངང་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་། ལྷག་བསམ་རྣམ་དག་གིས་བོད་སྐྱོར་ལ་བཅངས་པའི་བརྩེ་སེམས་ལྷད་མེད་པིར་རྩེ་རུ་བཀོད།  བོད་སྐྱོར་ལས་བྱེད་པ་ཁ་ཤས་ནི་ཁྱིམ་དུ་རྐྱེན་ངན་གོད་ཆག་བྱུང་ཡང་ཕྱིར་ལོག་མི་ཐུབ་པ་དང་། ཁྱིམ་མི་བོད་དུ་སླེབས་ཡང་ཁོམ་པ་མེད་པ། ས་མཐོའི་དབང་གིས་གཟུགས་པོ་ཐང་པོ་མེད་ཀྱང་ས་གནས་གཉིས་བར་འགྲོ་དབང་སྡོད་དབང་མེད་པའི་ཚུལ་ལ་ལྷུང་ཡང་།  ཐོན་ཁུངས་དང་མ་དངུལ། འཇོན་མི་བོད་འདྲེན་བཅས་ལ་མཐུན་སྦྱོར་གྱི་ལས་ལ་བརྩེ་གཅིག་ཏུ་གཞོལ་བ་དང་།   བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་ཟོལ་མེད་ཀྱི་ཆབ་སྲིད་གཤིས་རྒྱུད་དང་། ལྷ་སའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ནས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
          པེ་ཅིང་གྲོང་ཁྱེར་གྱི་ལོ་ངོ་20 ལྷག་ཙམ་རིང་གི་བོད་སྐྱོར་ལ་བརྩེ་བ་སྔ་མོ་ནས་ལྷ་སའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཤ་གསེང་རུས་གསེང་དུ་འཐིམས་ཤིང་།  མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཟབ་མོ་ཚོར་ནས་ཕན་བདེ་གང་ནས་ཡོང་ཞིང་གང་ལ་བསྐྲུན་པར་ངེས་ཤེས་ཟབ་མོ་འདྲོངས་ཡོད་པས།  ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།
འབྲེལ་ཡོད་རྩོམ་ཡིག