ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་མོར་སེ་པི་གྲུ་ཁར་ཕེབས་འབྱོར་ཟིན་ནས་པ་པེ་ཡ་ཀུད་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

2018-11-16 རྡོ་རྗེས་བསྒྲིགས།
          ཞི་ཅིན་ཕིང་མོར་སེ་པི་གྲུ་ཁར་ཕེབས་འབྱོར་ཟིན་ནས་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་དང་། ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་བར་ཐུག་འཕྲད་གནང་རྒྱུ་མ་ཟད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དྲུག་པར་ཞུགས་རྒྱུ།
 
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་བཅོ་ལྔ་ཉིན་ཆེད་གཏོང་གནམ་གྲུར་བཞུགས་ནས་མོར་སེ་པི་གྲུ་ཁར་ཕེབས་འབྱོར་ཟིན་ནས་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་དང་། ཕྱི་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་བར་ཐུག་འཕྲད་གནང་རྒྱུ་མ་ཟད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དྲུག་པར་ཞུགས་རྒྱུ་རེད།
          ས་གནས་དེ་གའི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་ལྔའི་ཐོག ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མོར་སེ་པི་གྲུ་ཁའི་ཅེ་ཁེ་ཤུན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད་པ་རེད། ཞི་ཅིན་ཕིང་གནམ་གྲུ་ནས་ཐོན་མ་ཐག་ས་ཆ་དེར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་དང་། ཕ་ཕུ་ཡ་ཀུད་ནེ་ཡ་གསར་པའི་ཙུང་ལི་གཞོན་པ་ཨད་པུར་གྱིས་སྲིད་གཞུང་གི་མཐོ་རིམ་དཔོན་པོའི་སྣེ་ཁྲིད་ནས་གནམ་གྲུའི་སྐས་ཀའི་མདུན་ནས་སེམས་རྩ་འཁོལ་པོས་བསུ་བ་ཞུས་ཡོད་པ་རེད། ཕ་ཕུ་ཡ་ཀུད་ནེ་ཡ་གསར་པའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་ཡོད་པ་རེད། ས་གདན་དམར་པོའི་གཞོགས་གཉིས་སུ་རྫིག་ཉམས་དོད་པའི་གུས་ལུགས་དམག་མི་ཀེར་རེར་ལངས་ཡོད་པ་དང་། ས་གནས་དེ་གའི་འཁྲབ་སྟོན་པས་མགོ་བོར་བྱ་སྒྲོའི་རྒྱན་བཏགས་པ་དང་། རྐེད་པར་རྩྭ་ལྷས་སྨད་གཡོག་གྱོན་པ། ལག་ཏུ་པགས་རྔ་ཁྱེར་བ་བཅས་བྱས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་མགྲོན་བསུའི་ཞབས་བྲོ་འཁྲབ་ཡོད་པ་རེད། རང་མོས་ཐོག་དེ་གར་སླེབས་པའི་ས་གནས་དེ་གའི་མང་ཚོགས་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ་བཅས་གནམ་གྲུ་ཐང་གི་ཕྱི་རོལ་དང་ཀྲུང་གོའི་འཐུས་མི་ཚོགས་པ་བཞུགས་སའི་མགྲོན་ཁང་དུ་འགྲམ་དུ་ཡོང་བ་དང་། ལག་གིས་ཀྲུང་གོའི་རྒྱལ་དར་གཡོབ་གཡོབ་བྱས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད་པར་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པ་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས། ཕ་ཕུ་ཡ་ཀུད་ནེ་ཡ་གསར་པ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁྲོད་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་དང་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་ཞེ་གཉིས་སོང་བའི་ནང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་དུ་འཛིན་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་ལྟར། ཀྲུང་གོ་དང་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པའི་བར་གྱི་འབྲེལ་བར་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། དེས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་བསྐྲུན་པ་མ་ཟད། ད་དུང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཛའ་འབྲེལ་ཐད་མིག་དཔེ་གཏོད་ཡོད། ཀྲུང་གོའི་གོང་འཕེལ་གྱིས་ཕ་ཕུ་ཡ་ཀུད་ནེ་ཡ་གསར་པ་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བསྐྲུན་ཡོད། ང་རང་ནས་དེ་ཐེངས་ཀྱི་འཚམས་འདྲི་བརྒྱུད། ཕ་ཕུ་ཡ་ཀུད་ནེ་ཡ་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ལྷན་དུ་ཀྲུང་གོ་དང་ཕ་ཕུ་ཡ་ཀུད་ནེ་གསར་པའི་འབྲེལ་བའི་འཆར་གཞི་གསར་འགོད་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོམ་གང་མདུན་སྤོས་ཀྱིས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་རེ་བྱེད་བཞིན་ཡོད། འཚམས་འདྲིའི་རིང་། ང་རང་ནས་ཕྱི་འབྲེལ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་བར་དུས་རབས་གསར་པའི་མཉམ་ལས་གོང་སྤེལ་གྱི་ཇུས་ཆེན་ཐད་མཉམ་གྲོས་བྱས་ནས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཕ་ཕུ་ཡ་ཀུད་ནེ་གསར་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཕྱོགས་ཁག་དང་ལྷན་དུ་གྲོས་ཚོགས་ཡིད་བཞིན་ལེགས་གྲུབ་ཡོང་བ་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་ཐ་ན་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གོང་སྤེལ་ཐད་འགུལ་ཤུགས་གསར་སྣོན་དང་ལེགས་སྐྱེས་གསར་འབུལ་བྱ་རྒྱུ་ཡིན་ཞེས་བསྟན་འདུག
          ཕ་ཕུ་ཡ་ཀུད་ནེ་གསར་པའི་འགྲུལ་བཞུད་མཇུག་སྒྲིལ་རྗེས་ཞི་ཅིན་ཕིང་གིས་ད་དུང་པུ་རུ་ནེ་དང་ཕེ་རུ་པིང་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག