ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནས་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཛོམས་གནང་།

2019-05-17 བསྟན་འཛིན་འཇམ་དཔལ་གྱིས་བསྒྱུར།
          ཞི་ཅིན་ཕིང་ནས་རྒྱལ་ཡོངས་རང་བརྟེན་འབད་བརྩོན་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མི་དང་མཇལ་འཛོམས་གནང་བ་དང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཛོམས་ནང་ཞུགས་པ།
          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་རང་བརྟེན་འབད་བརྩོན་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་སྤྱི་ཚེས་༡༦ཉིན་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་དང་མཛའ་བརྩེའི་མཇལ་འཛོམས་གནང་ནས། ཁོང་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། ཁོང་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ། རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཛོམས་ནང་ཞུགས་གནང་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་༡༡སྐབས་སུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ངོས་ཚོམས་ཆེན་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཞི་ཅིན་ཕིང་སོགས་ནས་འཐུས་མི་རྣམས་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་ལ་མཛའ་བརྩེའི་བཀའ་འདྲི་གནང་བ་མ་ཟད། ལྷན་རྒྱས་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད།
          རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་མཇལ་འཛོམས་ནང་ཞུགས་པ་མ་ཟད་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་ལ་གནང་བའི་གལ་ཆེའི་རྒྱས་བཤད་དང་མཛུབ་སྟོན་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྒྲིག་གཞི་འཐུས་ཚང་འཛུགས་པ། ལས་ཀའི་འདུ་ཤེས་གསར་སྐྲུན་བྱེད་པ། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་དབང་པོ་སྐྱོན་ཅན་པའི་ལས་དོན་ཡག་པོ་བསྒྲུབ་པ། དབང་པོ་སྐྱོན་ཅན་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་དབང་ཆ་འགན་ལེན་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དབང་པོ་སྐྱོན་ཅན་ནས་རྒྱལ་ཡོངས་རང་བརྟེན་འབད་བརྩོན་དཔེ་བཟང་མིག་དཔེར་འཛིན་པ་དང་། དབང་པོ་སྐྱོན་ཅན་གྱི་རང་བརྟེན་འབད་བརྩོན་སྙིང་སྟོབས་དར་སྤེལ་སྔར་ལས་ལྷག་པ་བཏང་ནས། བདེ་སྐྱིད་ཆེ་ཞིང་མཛེས་སྡུག་ལྡན་པའི་འཚོ་བ་འབད་བརྩོན་ཆེན་པོས་གཏོད་དགོས་ཞེས་གསུངས་ཡོད་པ་རེད།
          ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་རང་བརྟེན་འབད་བརྩོན་དཔེ་བཟང་༡༦༧དང་། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་སྔོན་ཐོན་མཉམ་སྡེབ་༡༠༠ རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་སྔོན་ཐོན་མི་སྒེར་༡༠༠ དབང་པོ་སྐྱོན་ཅན་གྱི་གཞིས་ཁྱིམ་༡༠༠ རྒྱལ་ཡོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་༣༣བཅས་ལ་གཟེངས་བསྟོད་གནང་ཡོད། དབང་པོ་སྐྱོན་ཅན་ཡིན་ཡང་བློ་སྟོབས་སྔར་བས་བརྟན་པ་དང་། ལོང་བའི་འཕུར་མཉེད་བྱ་གཞག་ལ་འབད་བརྩོན་ལྷོད་མེད་གནང་མཁན་ཡན་སན་ཡོན་དང་། དཀའ་ངལ་ལ་མི་སྐྲག་པ་དང་། འཆི་གསོན་ལ་འཇིགས་སྣང་མེད་པའི་ས་འོག་འབར་མདེལ་མེད་པ་བཟོ་མཁན་དཔའ་བོ་ཏུའུ་ཧྥུའུ་གོ གཅེས་སེམས་ཀྱིས་ཕྱུག་ཅིང་། སྤྱི་ཕན་གྱི་དབང་པོ་སྐྱོན་ཅན་ལས་ཀར་སེམས་རྩ་འཁོལ་པོས་རོགས་རམ་གནང་མཁན་སུང་ཀུའེ་ཧྭ་སོགས་འཐུས་མི་གསུམ་གྱིས་ཚོགས་ཆེན་ཐོག་སྔ་རྗེས་སུ་གཏམ་བཤད་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག