ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་པུར་ཀ་རི་ཡའི་ཙུང་ཐུང་དང་གྲོས་མོལ་གནང་བ།

2019-07-04 མིག་དམར་རྒྱ་མཚོ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཧྥུ་དང་གྲོས་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་པའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་གནང་ཡོད། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་པོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ཐོག་མཛད་སྒོ་གཙོ་སྐྱོང་གནང་ནས། པུར་ཀ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཏེ་ཧྥུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད།
              དམག་དཔུང་རོལ་ཆ་རུ་ཁག་གིས་པུར་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། རྟེན་འབྲེལ་མེ་སྒྱོགས་ཐེངས་༢༡བརྒྱབ་ཡོད་པ་རེད།
              ལ་ཏེ་ཧྥུས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད།
              རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།
              དེ་རྗེས་དམག་དཔུང་རོལ་ཆ་རུ་ཁག་གིས་མདུན་སྐྱོད་རོལ་ཆ་དཀྲོལ་གཏོང་བྱས་ཡོད།
              ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཡང་ཅེ་ཁྲེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏེང་ཀྲུང་ལི། རྒྱལ་དོན་ཨུ་ཡོན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ཧོ་ལི་ཧྥེང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་གནང་ཡོད།
              ལ་ཏེ་ཧྥུར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ། གྲོས་ཚོགས་ཁང་གི་ས་ཁོངས་གོང་འཕེལ་དང་ས་གནས་རང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་ཡོད་པ་རེད།
              ལ་ཏེ་ཧྥུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།
              དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་ལ་ཏེ་ཧྥུ་དང་གྲོས་མོལ་གནང་ཡོད། ཞི་ཅིན་ཕིང་གིས། ཙུང་ཐུང་ལ་ཏེ་ཧྥུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན། ང་རང་ནས་སྤྱི་ཟླ་༦པར་སན་པེ་ཏེ་པོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་རིང་ང་ཚོ་མཇལ་འཕྲད་བྱུང་བའི་གནས་ཚུལ་དགའ་ཚོར་ཆེན་པོས་ཕྱིར་དྲན་བྱེད་ཀྱི་ཡོད། ཟླ་བ་གཅིག་གི་རྗེས་སུ་ང་ཚོ་སླར་ཡང་མཇལ་འཕྲད་བྱུང་། ཙུང་ཐུང་ཁྱེད་ནས་ཀྲུང་གོ་འདི་ཉིད་པུར་ཀ་རི་ཡའི་སྔོན་འཇོག་རོགས་ཟླར་བརྩི་གནང་བ་དང་། ཀྲུང་གོ་དང་པུར་ཀ་རི་ཡའི་མཛའ་གྲོགས་དང་མཉམ་ལས་དོན་གཉེར་གནང་གི་ཡོད་པས། དོན་དེར་ང་རང་ནས་བསྔགས་བརྗོད་ཡི་རང་ཞུ་གི་ཡོད། པུར་ཀ་རི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་ཞིང་། ད་ལོ་ནི་ཀྲུང་པུར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡང་ཡིན། ལོ་ངོ་༧༠སོང་རིང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་བྱུང་བ་དང་། མཛའ་གྲོགས་ཀྱི་གཏམ་བཟང་དེ་བས་མང་བ་ཁྱབ་བཞིན་ཡོད། ཀྲུང་གོ་དང་པུར་ཀ་རི་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་སྐབས་འདིར། ང་རང་དང་ཙུང་ཐུང་ཁྱེད་ནས་ཕྱོགས་གཉིས་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པས། ཕྱོགས་གཉིས་པོས་དེ་གོ་སྐབས་གསར་པ་ཞིག་ཏུ་བརྩི་བ་དང་། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་བའི་ཚོད་བགམ་ལ་ཁ་གཏད་གཅོག་པ་དང་། ཀྲུང་པུར་མཛའ་གྲོགས་ལ་ནང་དོན་གསར་པ་སྣོན་པ། ཀྲུང་པུར་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
              ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་། སྲིད་གཞུང་དང་། ཁྲིམས་འཛིན་ལས་ཁུངས། སྲིད་ཏང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱ་ཡུལ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གཉིས་པོར་རྒྱལ་སྤྱིའི་དུས་བབ་ཐད་ལྟ་སྟངས་གཅིག་མཚུངས་སམ་ཡང་ན་ཕྱོགས་འདྲ་བ་མང་པོ་ཡོད་པས། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། པུར་ཀ་རི་ཡ་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྲིད་གཞུང་བར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་སྔ་ཤོས་ཀྱི་ཡོ་རོབ་ཤར་མའི་རྒྱལ་ཁབ་གྲས་ཤིག་ཡིན་ཞིང་། ཀྲུང་གོའི་ཕྱོགས་ནས་པུར་ཀ་རི་ཡ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཉོ་ཚོང་དང་མ་འཇོག་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། སྲོལ་རྒྱུན་མཐུན་ལམ་དར་སྤེལ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
              ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཡོ་རབ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་དང་གང་དེ་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཡོ་རོབ་གླིང་གིས་རྒྱལ་སྤྱིའི་བྱ་དོན་ནང་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་ཀྱི་ཡོད་ཅིང་། དེ་ནི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་བརྟན་ལྷིང་རང་བཞིན་དང་། རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་གཞུང་དྲང་། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྨང་གཞིའི་ཐོག་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླ་ཆེན་པོ་བཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། པུར་ཀ་རི་ཡ་ནི་ཀྲུང་གོའི་ཡོ་རོབ་ནང་ཁུལ་གྱི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་མཉམ་ལས་ཀྱི་གལ་ཆེའི་ཐེ་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཡང་ཡིན་པས། པུར་ཀ་རི་ཡའི་ཕྱོགས་ནས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད།
              ལ་ཏེ་ཧྥུས། པུར་ཀྲུང་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་ཀྲུང་གོར་འཚམས་འདྲི་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། པུར་ཀྲུང་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་བཏང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་དེ་བས་བརྟན་དུ་གཏོང་ཐུབ། རྒྱུད་གཅིག་ལམ་གཅིག་གྲོས་འགོས་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་ཕན་ཐོགས་ཡོད་པས། པུར་ཀ་རི་ཡའི་ཕྱོགས་ནས་གཏིང་ཟབ་པོས་ཞུགས་པ་དང་། རང་ངོས་ཀྱི་ས་བབ་བཟང་ཆ་འདོན་སྤེལ་བྱས་ནས། ཡོ་རོབ་གླིང་དང་ཨ་ཤེ་ཡ་གླིང་སྦྲེལ་མཐུད་བྱེད་པའི་སྒོ་མོ་དང་ལྟེ་བ་ཞིག་ཏུ་འགྱུར་བ་བྱེད་འདོད་ཡོད། པུར་ཀ་རི་ཡའི་ཕྱོགས་ནས་ཀྲུང་གོ་དང་ཉོ་ཚོང་དང་། སྐྱེལ་འདྲེན། མཁའ་འགྲུལ། དངོས་ཟོག་སྐྱེལ་འདྲེན། དངུལ་རྩ། གསར་གཏོད། ས་གནས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ནས་པུར་ཀ་རི་ཡར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པུར་ཀ་རི་ཡས་ཕྱོགས་མང་རིང་ལུགས་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། པུར་ཀ་རི་ཡའི་ཕྱོགས་ནས་མུ་མཐུད་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དང་དེ་བཞིན་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
              ཡང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་མོལ་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག