ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་དམག་ཞབས་ཐིམ་པའི་དམག་མིའི་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

2019-07-29 དབང་འདུས།
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་26ཉིན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་ཡོད་ཅིང་། ཁོང་ཚོར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་བ་དང་། ཁོང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས། འབད་བརྩོན་ཆེན་པོས་རང་རྒྱལ་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
             སྔ་དྲོའི་ཆུ་ཚོད་11ཐོག ཞི་ཅིན་ཕིང་སོགས་ཅིང་ཞི་མགྲོན་ཁང་གི་གྲོས་ཚོགས་ཐོག་ཁང་གི་ཚོམས་ཆེན་མདུན་མར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོ་དང་མཛའ་བརྩེའི་ཕྱག་བཏང་གནང་བ་དང་། འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་གནང་ཡོད། དགུང་ལོ་94ལ་སླེབས་པའི་དཔའ་བོ་རྒན་གྲས་ཀྲང་ཧྥུ་ཆིང་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱག་གཉིས་པོས་རྒན་རྒོན་གྱི་ཕྱག་ནས་བཟུང་ཏེ། ཁོང་དང་མཛའ་བརྩེའི་བཀའ་མོལ་གནང་བ་མ་ཟད་ལྷག་བསམ་ལྡན་པའི་འཚམས་འདྲི་ཞུས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་སོགས་ནས་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་སྒྲོན་ཡོད་པ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་མཇལ་འཕྲད་ནང་ཞུགས་པ་མ་ཟད་རྒྱལ་ཡོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་ལག་བསྟར་མཐར་ཕྱིན་བྱེད་པ་དང་ཏང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་གཅིག་འདུས་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། སྒྱུར་བཅོས་གསར་སྐྲུན་ལ་དང་དོད་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་སྲིད་ཇུས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་རྨང་གཞི་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་བཀོད་སྒྲིག་དང་གཟིགས་སྐྱོང་བྱེད་པ། ཁེ་དབང་སྲུང་སྐྱོང་། ཞབས་ཞུའི་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་བཅས་བྱས་ནས་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་འཚོ་བ་འགན་སྲུང་ཡག་པོ་དང་ཏན་ཏིག་བྱེད་པ་དང་ཁོང་ཚོས་སྒྱུར་བཅོས་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
             གྲོས་ཚོགས་ཐོག་རྒྱལ་ཡོངས་ཀྱི་དཔེ་བཟང་དམག་ཞབས་ཐིམ་པའི་དམག་མི་401དང་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེའབཟང་ཚན་པ་91 རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་མི་སྒེར་76བཅས་ལ་གཟེངས་བསྟོད་བྱས་ཡོད་པ་རེད།
             ཏིང་ཞོལ་ཞང་དང་ཀྲང་ཡའུ་ཞ། ཁྲེན་ཞི། ཀོའོ་ཧྲེང་ཁུན། ཧོང་ཁུན་མིང་། ཤའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་མཇལ་འཕྲད་ནང་ཞུགས་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་མེའོ་ཧྭ་མཇལ་འཕྲད་ནང་ཞུགས་པ་མ་ཟད་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག