ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུ་དང་མཇལ་འཛོམས་གནང་བ།

2019-08-29
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་28ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུ་དང་མཇལ་འཛོམས་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ཨ་ལི་པོ་ཧྥུས་ཙུང་ཐུང་མིའར་ཅི་ཡོས་ཡེ་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས། ཀྲུང་ཨུའི་འབྲེལ་བའི་མཆོངས་བརྒལ་ལྟ་བུའི་གོང་འཕེལ་ཟམ་མི་ཆད་པར་མངོན་འགྱུར་ཐུབ་བཞིན་ཡོད་པས། དེའི་འགག་རྩ་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་མཛའ་གྲོགས་དང་གཉིས་ཕན་གཉིས་རོགས་ཀྱི་སྙིང་སྟོབས་ལ་བརྩི་སྲུང་ཞུས་པ་དང་། སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ། ཐོག་མཐའ་བར་གསུམ་དུ་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་ཐུན་མོང་གོང་འཕེལ་འདུ་ཤེས་ལག་ལེན་བསྟར་བས་རེད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་ཨུ་ཕྱོགས་གཉིས་པོས་མུ་མཐུད་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁོངས་བརྒལ་བའི་གཞུང་ལམ་དང་ལྕགས་ལམ་བེད་སྤྱོད་ལེགས་པོ་བྱས་ནས། མཉམ་འབྲེལ་མཉམ་མཐུད་དམ་ཟབ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག མཐོ་གསར་ལག་རྩལ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་མཉམ་ལས་ཀྱི་བཀྲག་མདངས་མཚེར་ས་གསར་པ་གཏོད་པ་སོགས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་ཙེ་པེ་ཁེ་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་རྒྱ་སྐྱེད་གཏོང་རྒྱུ་དང་། ཨུ་ཙེ་པེ་ཁེ་སི་ཐན་དེ་ཉིད་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་ངོས་ནས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་སྟོབས་ཤུགས་ངན་པ་གསུམ་དང་དུག་ཚོང་སོགས་རྒྱལ་ཁོངས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་བསག་ལ་རྡུང་རྡེག་བཏང་ནས། ས་ཁུལ་གྱི་བདེ་འཇགས་དང་རྒྱལ་ཁབ་གཉིས་པོའི་གོང་འཕེལ་ཆེད་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོས་ལོ་རྒྱུས་ཐོག་རྒྱལ་ཁབ་གཞན་གྱིས་རང་ཉིད་སྟོབས་ཆེར་གྱུར་ན་ངེས་པར་བཙན་བདག་བྱེད་པའི་འགྲོ་ལམ་རྙིང་པའི་ཐོག་རྩ་བ་ནས་འགྲོ་མི་སྲིད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་ཆེད་ཡིན་ལ། འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་ཡར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཆེད་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨུ་ཙེ་པེ་ཁེ་སི་ཐན་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཐུན་སྦྱོར་རམ་འདེགས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་སོགས་བྱེད་འདོད་ཡོད། ཀྲུང་ཨུ་ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་དང་ལྷན་དུ་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་གོང་མཐོར་གཏོང་བ་བརྒྱུད་སྒྲིག་འཛུགས་དེ་སྔར་བས་གོང་འཕེལ་ཡོང་བ་བྱས་ཏེ་ས་ཁུལ་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
        ཨ་ལི་པོ་ཧྥུས་ཙུང་ཐུང་མིའར་ཅི་ཡོས་ཡེ་ཧྥུ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་བླ་ན་མེད་པའི་གུས་བཀུར་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཙུང་ཐུང་མིའར་ཅི་ཡོས་ཡེ་ཧྥུས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་གནང་བའི་འོག ཀྲུང་གོ་སྔར་བས་དར་རྒྱས་འབྱོར་ཕྱུག་ལྡན་པར་འགྱུར་རྒྱུ་དང་། མི་རིགས་བསྐྱར་དར་རླབས་པོ་ཆེ་གང་སྔ་མངོན་འགྱུར་ཐུབ་པའི་སྨོན་འདུན་བཟང་པོ་ཞུས་གནང་ཡོད།
        ཨ་ལི་པོ་ཧྥུས། ཀྲུང་གོ་ནི་ཨུ་ཙེ་པེ་ཁེ་སི་ཐན་གྱི་ཆེས་མཛའ་བརྩེ་ལྡན་པ་དང་ཆེས་བློས་འགེལ་ཆོག་པའི་ཁྱིམ་མཚེས་དང་རོགས་ཟླ་ཡིན། ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཙུང་ཐུང་མིའར་ཅི་ཡོས་ཡེ་ཧྥུས་ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱིས་ཆེད་མངགས་ལས་ཁུངས་བཙུགས་པ་བརྒྱུད། ཀྲུང་གོའི་ཕྱོགས་དང་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་ཁྲོད་དང་མི་ཆོས་རིག་གནས་སྤེལ་རེས་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་སོགས་གནང་ཡོད། ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
        ཡང་ཅེ་ཁྲེ་དང་། ཝང་དབྱིས། ཧེ་ལི་ཧྥེང་སོགས་མཇལ་འཛོམས་ནང་ཞུགས་ཡོད།
        སྤྱི་ཟླ་8པའི་ཚེས་28ཉིན་གྱི་ཕྱི་དྲོ། ཨ་ལི་པོ་ཧྥུས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་གནང་ཡོད།
འབྲེལ་ཡོད་རྩོམ་ཡིག