ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་བ།

2019-09-29
        ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་དང་།  ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་ནན་སྟོན་གནང་བ་དང་།  ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ།  ཝང་དབྱང་དང་།  ཝང་ཧུའུ་ཉིང་།  ཀྲའོ་ལེ་ཅི།  ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་གནང་བ།
        སྤྱི་ཚེས་27ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་མི་རིགས་ཁག་གིས་ལག་གདང་དཔུང་སྦྲེལ་གྱིས་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་དགོས།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུས་གཙོ་ཐིག་བྱེད་པ་དང་།  ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།  ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་ཉིད་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དེར་དམ་འཛིན་ནན་པོ་བྱེད་དགོས་པ་དང་།  མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འགྲིལ་རྒྱུར་སྐུལ་འདེད་གཏོང་བ།  ཀྲུང་ཧྭ་མི་རིགས་ཀྱི་ཁོག་ཡངས་རང་བཞིན་སྔར་བས་ཆེ་བ་དང་།  གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་མ་ལག་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ་དང་།  མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
        ཚོགས་ཆེན་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ཝང་དབྱང་དང་།  ཝང་ཧུའུ་ཉིང་།  ཀྲའོ་ལེ་ཅི།  ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད།
        སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་དང་།  ཚང་མས་ཡར་བཞེངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་ཡོད།
        ཚོགས་ཆེན་ཐོག་དང་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་།  དཔེ་བཟང་མཉམ་སྡེབ་665དང་།  དཔེ་བཟང་མི་སྒེར་812ལ་གཟེངས་བསྟོད་བྱས་ཡོད།  སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ནས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་ཡོད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད།  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་གནང་སྟེ།  གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་དང་།  རྒྱལ་ཡོངས་མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱོགས་ཁག་གི་མི་སྣར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
        ཞི་ཅིན་ཕིང་གིས།  ལོ་ངོ་བདུན་ཅུའི་གོང་།  རང་རྒྱལ་མི་རིགས་ཁག་གི་མི་དམངས་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པ་མཉམ་དུ་གཏོད་ཡོད།  རང་རེའི་ཏང་གིས་གསར་གཏོད་རང་བཞིན་ལྡན་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་གཞུང་དང་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་གཉིས་ཟུང་སྦྲེལ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་སྟེང་བསྐྱོད་པ་དང་།  ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་གཏན་འཁེལ་བྱས་ཤིང་།  མི་རིགས་འདྲ་མཉམ་དེ་རྒྱལ་འཛུགས་ཀྱི་རྩ་བའི་རྩ་དོན་གྲས་ལ་བརྩིས་པ།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་འཁེལ་བྱས་པ།  མི་རིགས་ཁག་གི་མི་དམངས་ལ་ལོ་རྒྱུས་ཐོག་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ངོ་མ་ཐེངས་དང་པོར་ཐོབ་པ་དང་ཐུན་མོང་ཐོག་རང་ཁྱིམ་རང་བདག་བྱུང་བས། ཀྲུང་གོ་རྙིང་པའི་མི་རིགས་གཉའ་གནོན་དང་རྩོད་གཞིའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་མཇུག་འགྲིལ་ཞིང་།  མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་བའི་དུས་རབས་གསར་པ་གཏོད་ཡོད།  ལོ་ངོ་བདུན་ཅུ་ནི་འཕོ་འགྱུར་ཆེ་བ་དང་ཟིལ་རླབས་དགུང་དུ་འཕྱུར་བ་ཞིག་ཡིན།  གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་།  མི་རིགས་ས་ཁུལ་གྱི་རྣམ་པ།  མི་རིགས་འབྲེལ་བའི་རྣམ་པ།  ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།  
        ཞི་ཅིན་ཕིང་གིས། ལོ་ངོ་70ཡི་རིང་ཐོབ་པའི་གྲུབ་འབྲས་ནི་སྤོབས་པ་བྱེད་རིན་ཡོད་ལ། ལོ་ངོ་70ཡི་རིང་གི་ཉམས་མྱོང་ཡིད་ལ་བརྟན་པོར་ངེས་དགོས། ང་ཚོས་རང་རྒྱལ་འདི་ཉིད་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་རྩ་བའི་རྒྱལ་ཚུལ་ཁོང་དུ་ཡང་དག་ཆུད་པ་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཆེས་མཐོའི་ཁེ་ཕན་ལ་བརྩི་བ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་གཞུང་ཀྲུང་གོ་ཅན་དུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་དང་རང་སྐྱོང་ཕན་ཚུན་ཟུང་འབྲེལ་དང་། མི་རིགས་གྲུབ་ཆ་དང་ས་ཁོངས་གྲུབ་ཆ་གཉིས་ཕན་ཚུན་ཟུང་འབྲེལ་ཐུབ་པ། མི་རིགས་ཁག་དབར་གྱི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། རིག་གནས་ངོས་འཛིན་ནི་ཆེས་གཏིང་ཟབ་པའི་ངོས་འཛིན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ། ཁྲིམས་ལུགས་ཀྱི་མདུན་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་དང་ཁྲིམས་ལུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱུན་འཛིན་ཁྲོད་གོང་འཕེལ་དང་། གོང་འཕེལ་ཁྲོད་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཏང་གི་མི་རིགས་སྲིད་ཇུས་གཅིག་ནས་རྒྱུན་འཛིན་དང་གཉིས་ནས་དུས་བསྟུན་མཉམ་སྐྱོད་ཐུབ་པ་བྱེད་པ། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་གཏོང་བའི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རང་རེའི་རླབས་ཆེན་མེས་རྒྱལ་ནི་ས་རྒྱ་ཡངས་ཤིང་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། ཀྲུང་གོའི་ལོ་རྒྱུས་ནི། མི་རིགས་ཁག་ཕན་ཚུན་མཉམ་འདྲེས་བྱས་ནས་སྣ་མང་གཞི་གཅིག་ཏུ་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡིན་པ་དང་། དེ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བསྐྲུན་པ་དང་གོང་འཕེལ་བཏང་བ། སྲ་བརྟན་དང་གཅིག་གྱུར་བཟོས་པའི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཤིག་ཡིན། ང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་ཡིན་པས། ང་ཚོའི་ཡུན་རིང་བའི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གཏོད་པ་དང་། ང་ཚོའི་འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གཏོད་པ། ང་ཚོའི་རླབས་ཆེན་སྙིང་སྟོབས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསོ་སྤེལ་བྱས་པ་བཅས་ཡིན། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ནི་སྔོན་བྱོན་པ་ཚོས་ང་ཚོར་བཞག་གནང་བའི་ཕུན་སུམ་ཚོགས་པའི་ཤུལ་བཞག་ཡིན་ལ། རང་རྒྱལ་གོང་འཕེལ་འགྲོ་བའི་བཟང་ཆ་ཆེ་ཤོས་དེ་རེད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་གོང་འཕེལ་དུས་སྐབས་ཡག་ཤོས་ལ་སླེབས་པ་དང་ཆབས་ཅིག རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ།  ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། ལག་ལེན་དངོས་ལས་ར་སྤྲོད་ཐུབ་པར། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་ཡོང་མི་ཐུབ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གཅིག་སྡུད་དང་མི་རིགས་ཁག་གོང་འཕེལ། མི་རིགས་ཁག་དར་རྒྱས་གཏོང་མི་ཐུབ།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས་སློབ་སྦྱོང་། དེ་བཞིན་མི་རིགས་མཐུན་སྒྲིལ་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་གཅིག་མཐུན་གྱི་ངོས་འཛིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས།   མི་རིགས་ཁག་གི་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པ་དེ་འབད་འཐབ་དམིགས་འབེན་ལ་བརྩིས་ནས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་དང་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ཁྱིམ་ཚང་གཅིག་གི་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གོང་འཕེལ་མགྱོགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་འགྱུར་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་བཏང་སྙོམས་ཀྱི་ཕན་པ་ཐོབ་པ་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མི་དམངས་ནས་མཛེས་སྡུག་ལྡན་པའི་མ་འོངས་མཉམ་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དང་། མི་རིགས་ཁག་ལ་མཉམ་དུ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཡང་དག་པའི་མེས་རྒྱལ་ལྟ་བ་དང་མི་རིགས་ལྟ་བ། རིག་གནས་ལྟ་བ། ལོ་རྒྱུས་ལྟ་བ་བཅས་བརྟན་པོ་འཛུགས་པ། མི་རིགས་ཁག་གི་མང་ཚོགས་ནས་ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོ་ཡག་པོ་གཉེར་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡི་གེའི་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་སེམས་པ་བྱིས་པ་མི་རེ་ངོ་རེའི་སེམས་ནང་ཟུག་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་སྒྲེང་བ་དང་། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དེ་ཁྱོན་ཡོངས་དང་གཏིང་ཟབ། ཡུན་རིང་བཅས་ཀྱི་སྒོ་ནས་སྤེལ་དགོས་པ་དང་། བྱ་ཐབས་དང་མ་ཕྱི་གསར་གཏོད་བྱས་ཐོག ལས་ཁུངས་དང་ཁེ་ལས། སྡེ་ཁུལ། ཤང་གྲོང་། སློབ་གྲྭ དཔུང་སྡེ།  ཆོས་ལུགས་བྱེད་སྒོ་སྤེལ་ས་བཅས་ཀྱི་ནང་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲིམས་ལྟར་མི་རིགས་བྱ་དོན་ལ་བཅོས་སྐྱོང་བྱས་ཏེ། མི་རིགས་ཁག་གི་སྤྱི་དམངས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་འགན་ལེན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཁྲིམས་ལྟར་མི་རིགས་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་དག་འོས་འཚམ་སྒོ་ནས་ཐག་གཅོད་བྱས་ཏེ། མི་རིགས་ཁག་གི་སྤྱི་དམངས་ཀྱིས་འདྲ་མཉམ་ཁེ་དབང་ལོངས་སྤྱོད་དང་འདྲ་མཉམ་འོས་འགན་ལག་བསྟར་བྱ་རྒྱུར་འགན་སྲུང་བྱེད་དགོས་པ་དང་། མི་རིགས་ཀྱི་བྱ་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་འཁོར་རྒྱུག་ཐུབ་རྒྱུ་འགན་ལེན་བྱེད་དགོས། སིམ་འཛུལ་གཏོར་བཤིག་གི་བྱེད་སྒོ་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྒོ།  མི་རིགས་ཁ་ཕྲལ་གྱི་བྱེད་སྒོ། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྒོ་བཅས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་ཞེས་བསྟན་ཡོད།   
        ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་ཀྱིས་མི་རིགས་ལས་དོན་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་འཇོག་དགོས། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་གལ་ཆེའི་དོན་དངོས་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དམངས་གཙོའི་ཏང་ཤོག མི་དམངས་ཚོགས་པ་བཅས་ཀྱིས་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ། མི་རིགས་ལས་དོན་སྡེ་ཁག་གིས་ལས་འགན་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
 
        ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་བྱ་གཞག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་གསོག་འཇོག་ཐུབ་པར་ཕྱོགས་སྡོམ་གཏིང་ཟབ་གནང་ཡོད་པ་དང་། མིག་སྔའི་རང་རྒྱལ་གྱི་མི་རིགས་ལས་ཀའི་གནས་བབ་ཧྲིལ་པོར་དབྱེ་ཞིབ་གནང་ཡོད་ཅིང་། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བྱ་གཞག་གི་སྤྱིའི་བླང་བྱ་དང་ལས་ཀའི་གཙོ་གནད་ཁ་གསལ་བཏོན་གནང་ཡོད་པས། བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ས་གནས་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་ཁྲིད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་དེར་སྐུལ་འདེད་གཏོང་བ། ལས་འགན་ཁག་དོན་འཁྱོལ་ཞིབ་ཅིང་ཕྲ་བ་བྱེད་པ། གསར་གཏོད་ཡར་བརྩོན་བྱེད་པ། ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་༼རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་༽སྒྲོག་སྦྱང་གནང་ཡོད།  
        གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁག་ཅིག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ཡོད།
        གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མི་དང་།ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་ཏང་སྲིད་དམག་དང་མང་ཚོགས་བཅས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།   
རྩོམ་སྒྲིག་པ། སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག