ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནས་གཅིག་གྱུར་ཨུ་རུ་སུ་ཏང་གི་སྐུ་ཚབ་དང་མཇལ་འཕྲད་གནང་བ།

2019-11-26
                ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གེ་ལེ་ཚེ་ལོ་ཧྥུས་སྣེ་ཁྲིད་གནང་བའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་སྐུ་ཚབ་ཚོགས་པ་དང་མཇལ་འཛོམས་གནང་ཡོད།
                ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གིས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལེགས་གྲུབ་ལྡན་པའི་ངང་སྐོང་ཚོགས་བྱས་པར་བཀྲིས་བདེ་ལེགས་ཞུས་གནང་བ་དང་།  གེ་ལེ་ཚེ་ལོ་ཧྥུས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་གླེང་མོལ་སྒྲིག་གཞིའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པར་ཕེབས་པར་དགའ་བསུ་ཞུས་གནང་ཡོད།  ཞི་ཅིན་ཕིང་གིས།  ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རེད།  ང་རང་དང་ཙུང་ཐུང་ཕུ་ཅིང་གིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་བ་དང་།  མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕན་ཚུན་རོགས་རེས་དང་། སྤེལ་རེས་གཏིང་ཟབ།  གསར་བསྐྲུན་གསར་གཏོད།  ཀུན་ཕན་མཉམ་རྒྱལ་བཅས་ཀྱི་དམིགས་འབེན་དང་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།  མིག་སྔར་ཀྲུང་གོ་དང་ཨུ་རུ་སུའི་བར་ནུས་ལྡན་གྱི་འཐབ་ཇུས་འདེགས་སྐྱོར་ཞིག་གྲུབ་ཟིན་པས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྲུང་སྐྱོབ་བྱེད་པའི་ཐད་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།
                ཞི་ཅིན་ཕིང་གིས།  ཀྲུང་གོའི་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སུའི་ཏང་ནི་རང་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་ཡིན་པའི་ཆ་ནས་དུས་རབས་གསར་པར་ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བར་གོང་འཕེལ་ཆེན་པོ་ཡོང་བ་བྱེད་པའི་ཐད་འགན་འཁྲི་དང་འོས་འགན་ཁུར་ཡོད།  ཕྱོགས་གཉིས་པོའི་ཚོགས་ཞུགས་འཐུས་མིས་སྤེལ་རེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་ཟབ་ཏུ་གཏོང་བ་དང་།  འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
                གེ་ལེ་ཚེ་ལོ་ཧྥུས་ཀྲུང་གུང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལེགས་གྲུབ་ལྡན་པའི་ངང་སྐོང་ཚོགས་བྱས་པར་བཀྲིས་བདེ་ལེགས་ཞུས་གནང་བ་དང་།  ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་ཐུག་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཉེ་བའི་ལོ་ཤས་རིང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་སྔ་ན་མེད་པའི་ཆུ་ཚད་དུ་སླེབས་པ་དང་།  རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གོང་འཕེལ་ཤུགས་ཆེན་བྱུང་བ།  རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་གནད་གནད་དོན་ཐག་གཅོད་བྱེད་པའི་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་བཅས་བྱུང་ཡོད།  གཅིག་གྱུར་ཨུ་རུ་སུའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག