ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་དམག་ཡོངས་ཀྱི་སློབ་སྤྱིའི་གཅིག་སྡུད་སྦྱོང་བརྡར་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

2019-11-29
        ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་སློབ་སྤྱིའི་གཅིག་སྡུད་སྦྱོང་བརྡར་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་། དམག་དོན་སློབ་གླིང་གི་བསྒྱུར་བཅོས་ཟབ་གཏོང་དང་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དམག་དོན་མི་སྣ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་བ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་ཉི་ཤུ་བདུན་ཉིན་གྱི་སྔ་དྲོ། དམག་ཡོངས་ཀྱི་སློབ་སྤྱིའི་གཅིག་སྡུད་སྦྱོང་བརྡར་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་དམག་ཡོངས་ཀྱི་སློབ་སྤྱི་དང་དམག་དོན་སློབ་གསོའི་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས། སྟོབས་ཆེའི་དམག་དཔུང་འཛུགས་པའི་འགག་རྩ་ནི་མིར་ཐུགས་ཡོད། སྒོ་ཀུན་ནས་དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། སྒོ་ཀུན་ནས་ཤེས་ལྡན་མི་སྣའི་སྟོབས་ཆེའི་དམག་དཔུང་འཛུགས་པའི་འཐབ་ཇུས་ལག་བསྟར་བྱེད་པ། སྒོ་ཀུན་ནས་དམག་དོན་སློབ་གླིང་གི་བསྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གནས་བབ་དེ་བས་མངོན་གསལ་དོད་པའི་ཐོག་འཇོག་པ་བཅས་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དམག་དོན་མི་སྣ་གསོ་སྐྱོང་བྱེད་དགོས་ནན་སྟོན་གནང་ཡོད།
        སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཐོག ཞི་ཅིན་ཕིང་རྒྱལ་སྲུང་སློབ་ཆེན་དུ་ཕེབས་ཡོད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གཅིག་སྡུད་སྦྱོང་བརྡར་འཛིན་གྲྭའི་སློབ་མ་ཡོངས་དང་ཐུགས་འཕྲད་གནང་བ་མ་ཟད་ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད།
        ཞི་ཅིན་ཕིང་གིས། དམག་དོན་སློབ་གསོ་གོང་འཕེལ་གཏོང་བར་ངེས་པར་དུ་སྤྱི་ཡོངས་ལ་དོ་དམ་བྱེད་པའི་བྱེད་ཕྱོགས་ཤིག་གྲུབ་པ་བྱས་ནས་མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་མིན་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་མིན། སུའི་ཆེད་དུ་མི་སྣ་གསོ་སྦྱོང་བྱེད་མིན་བཅས་ཀྱི་རྩ་བའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ནི་ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྟོབས་ཆེའི་རྒྱལ་ཁབ་དང་དམག་དཔུང་དར་རྒྱས་ཆེད་དུ་ཞབས་ཞུ་བསྒྲུབ་དགོས་པ་དང་། ཀུན་སྤྱོད་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་པ། དམག་འཐབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་བཅས་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དམག་དོན་མི་སྣ་གསོ་སྐྱོང་བྱེད་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ནི་དམག་དོན་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་པའི་གཞི་རྩའི་བརྩི་སྲུང་ཞུ་ཡུལ་ཞིག་ཡིན་པས། སྒོ་ཀུན་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་གཡོ་འགུལ་སྤུ་ཙམ་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། སྒོ་ཀུན་ནས་ཤེས་ལྡན་མི་སྣའི་སྟོབས་ཆེའི་དམག་དཔུང་འཛུགས་པའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། སྒོ་ཀུན་ནས་རང་དམག་གི་སློབ་གླིང་གི་བསྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། སློབ་གླིང་འཛུགས་སྐྱོང་བྱ་རྒྱུ་མགྱོགས་མྱུར་རིམ་སྤོར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམག་ཡོངས་ཀྱི་སློབ་གླིང་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ཁྲོད་སློབ་གཉེར་ངེས་གནད་ལ་ལྟ་ཞིབ་བྱེད་དགོས་པ་དང་། སློབ་གླིང་འཛུགས་སྐྱོང་གི་མཐོ་རིམ་ཇུས་འགོད་དང་རྒྱང་རིང་འཆར་གཞིར་ཤུགས་སྣོན་བརྒྱབ་ནས་འགན་ནུས་གསལ་ཞིང་། སྦྲེལ་མཐུད་ནུས་ལྡན་ཐུབ་པའི་སློབ་གྲྭ་གཉེར་ཞིང་མི་སྣ་གསོ་བའི་གནས་སྟངས་ཤིག་གྲུབ་པ་བྱེད་དགོས། རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྟོབས་ཆེའི་དམག་དཔུང་དམིགས་འབེན་གྱི་བླང་བྱར་གཞིགས་པ། དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། སྟབས་བསྟུན་སྙོམ་སྒྲིག་སྒྲིག་གཞི་འཛུགས་པ། སློབ་ཚན་དང་སློབ་གཞིས་གཙོ་བོ་བྱས་པའི་སློབ་ཁྲིད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གླིང་གིས་ཚན་ཞིབ་དང་སློབ་ཁྲིད་གཉིས་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་དགེ་སློབ་དཔུང་ཁག་གཏོད་དགོས་པ་དང་། སློབ་གསོར་བརྟེན་ནས་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཕུགས་བསམ་གྱི་དད་མོས་བརྟན་དུ་གཏོང་བ་དང་། རིགས་གཞུང་གིས་དྲག་ཆས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་པ། སྤྱོད་བཟང་བློ་སྦྱོང་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་གཉེར་བྱེད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། དམག་སྣེ་ཁྲིད་མཁན་གྱི་ཤེས་ལྡན་མི་སྣ་དང་དར་མ་དང་གཞོན་ནུའི་རྐང་འཛིན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་དམག་འཁྲུག་ཁོང་དུ་ཆུད་པའི་དགེ་རྒན་ཁག་ཅིག་གསོ་སྐྱོང་བྱེད་པ། རིམ་པ་མཐོ་འབྲིང་གི་ཕུལ་བྱུང་བཀོད་འདོམས་པས་སློབ་གླིང་དུ་སློབ་ཁྲིད་བྱེད་པའི་ལམ་བུ་གཏོད་པ། ཕྱི་རོལ་གྱི་ཕུལ་བྱུང་སློབ་གསོའི་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་གང་ཐུབ་བྱེད་པ་བཅས་བྱེད་དགོས། དམག་དོན་སྲིད་ཇུས་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་སྒྲོམ་གཞིའི་འོག་སློབ་གླིང་འཛུགས་སྐྱོང་གི་ཆ་སྦྱོར་ལམ་ལུགས་ཇུས་འགོད་དང་དེར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་བྱང་ཚད་ཚད་གཞི་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་གི་མ་དཔེ། སློབ་ཁྲིད་སྤུས་ཚད་དོ་དམ་ཚོད་འཛིན། སློབ་གསོའི་དོ་དམ་འཁོར་རྒྱུགས་སོགས་ཀྱི་ཐད་ལག་ལེན་དང་འཚོལ་ཞིབ་བྱ་རྒྱུར་ཤུགས་སྣོན་གྱིས་ལམ་ལུགས་སྒྲིག་གཞིའི་ཐོག་ནས་སློབ་གླིང་འཛུགས་སྐྱོང་གི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། སློབ་སྤྱི་རྣམས་ནས་ཆབ་སྲིད་གླེང་བ་དང་། སློབ་གསོ་ཤེས་པ། དམག་འཐབ་ཞིབ་འཇུག ། དོ་དམ་བྱེད་མཁས་པ། རང་བཅུན་ནན་པ་བཅས་བྱས་ནས་སློབ་གཉེར་སློབ་བཅོས་ཀྱི་ལས་རིགས་མཁས་དབང་དུ་འགྱུར་བ་བྱེད་དགོས། ལས་གནས་ཀྱི་བླང་བྱ་དང་འཚམས་པའི་ཆབ་སྲིད་བྱང་ཚད་དང་ཆབ་སྲིད་ནུས་པ་ལྡན་དགོས་པ་དང་། བསམ་བློ་དང་ཆབ་སྲིད་ཐོག་ནས་སློབ་གྲྭ་འཛུགས་པ་དང་སློབ་གྲྭ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམག་དོན་སློབ་གསོའི་ལས་དོན་ལ་དགའ་ཞེན་དང་། སློབ་གསོའི་འདུ་ཤེས་གསར་བརྗེ། སློབ་གསོའི་ཆོས་ཉིད་དམ་འཛིན། ཆེད་ལས་བྱང་ཚད་མཐོར་གཏོང་བཅས་བྱས་ནས་དམག་དོན་སློབ་གསོ་དུས་བསྟུན་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམག་དོན་ཞིབ་འཇུག་དང་། དམག་འཁྲུག་ཞིབ་འཇུག དམག་རྒྱག་ཞིབ་འཇུག་བཅས་བྱ་རྒྱུར་སྣེ་ཁྲིད་ཀྱིས་སློབ་གླིང་ནང་དུ་དམག་འཐབ་ཞིབ་འཇུག་དང་། དམག་འཐབ་སློབ་ཁྲིད། དམག་འཐབ་སློབ་སྦྱོང་བཅས་ཀྱི་སྤྱོད་ཚུལ་དར་བ་བྱས་ཐོག་དམག་འཐབ་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སློབ་ཁྲིད་བྱ་རྒྱུར་བཅོས་སྐྱོང་ནན་པོ་བྱེད་པ་དང་། སློབ་སྦྱོང་བྱ་རྒྱུར་བཅོས་སྐྱོང་ནན་པོ་བྱེད་པ། ཞིབ་འཇུག་བྱ་རྒྱུར་བཅོས་སྐྱོང་ནན་པོ་བྱེད་པ། རྒྱུགས་ལེན་བཅོས་སྐྱོང་ནན་པོ་བྱེད་པ་བཅས་བྱེད་དགོས་པ་དང་། སེམས་ཤུགས་ཆེན་པོས་སློབ་ཁྲིད་ཚན་ཞིབ་ཁྲོད་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་དང་། སློབ་གླིང་ཚད་མཐོའི་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་བྱེད་པ། མཐུན་སྒྲིལ་དང་། ཛ་དྲག དོ་ནན། གྲུ་ཤ་དོད་པོ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དང་། ཀུན་སྤྱོད་དང་སྒྲིག་ཁྲིམས་གསོ་སྦྱོང་ལ་ཤུགས་སྣོན། ལག་ལེན་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་དང་རྣམ་པ་ཀུན་དུ་རང་ལ་རེ་བ་ནན་པོ་འདོན་པ་དང་། རང་སོའི་གཟུགས་བརྙན་ཡག་པོས་སློབ་གླིང་གི་རྣམ་པ་བཟང་པོར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་གནང་ཡོད།
        མཇུག་ཏུ། ཞི་ཅིན་ཕིང་གིས་དམག་ཡོངས་ཀྱིས་སློབ་གླིང་ལ་དོ་ཁུར་དང་། སློབ་གླིང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སློབ་གླིང་འཛུགས་སྐྱོང་བྱ་རྒྱུ་དེ་སྔོན་ལ་གོང་འཕེལ་གཏོང་བའི་གནས་བབ་ཐོག་འཇོག་དགོས་པ་དང་། མཛུབ་ཁྲིད་སྒྲིག་གཞི་སྐྱོན་བྲལ་ཞིག་བཙུགས་ཏེ་ལས་ཀའི་མཉམ་ཤུགས་བསྒྲིལ་བ་བྱས་ཐོག་མཉམ་དུ་རང་དམག་གི་སློབ་གླིང་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞུས་ཆི་ལེའང་གིས་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲང་ཡིའུ་ཞ་དང་། ཝེ་ཧྥེང་ཧོ། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
        འཛིན་གྲྭའི་འགོ་ཚུགས་མཛད་སྒོ་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་དང་། དམག་ཡོངས་ཀྱི་སློབ་གླིང་དུ་ཡན་ལག་ཚོགས་ར་བཙུགས་ཡོད། དམག་འཐབ་ཁུལ་ཁག་དང་། དམག་རིགས་ཁག དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག དམག་དོན་ཚན་རིག་གླིང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགོ་ཁྲིད་གཙོ་བོ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག