ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་དང་ཁོང་གི་ཡུམ་ཆེན།

2020-05-11
        རྩྭ་ཕྲན་ལྟར་གྱི་དྲིན་གསོའི་བསམ་པ་དེས།   ཉི་འོད་བཞིན་གྱི་དྲིན་ལན་གཞལ་བར་དཀའ།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་ལས་ཁང་ནང་རྒྱུན་དུ་ནང་མི་ལྷན་བཞུགས་ཀྱི་འདྲ་པར་ཁག་གཅིག་འཇོག་གནང་གི་ཡོད།  དེའི་ཁྲོད་ཀྱི་འདྲ་པར་ཞིག་ནི་ཁོང་གིས་ཡུམ་ཆེན་ལ་ཕྱག་བཏང་ནས་འཆམ་འཆམ་ཕེབས་པའི་སྐད་ཅིག་མ་དེ་ཡིན་ཞིང་།  དེས་མི་མང་པོར་སེམས་འགུལ་ཆེན་པོ་ཐེབས་ཡོད།
        གནམ་འོག་འདི་ན་ཕ་མའི་བྱམས་སེམས་ཆེ། གནམ་འོག་འདི་ན་བུ་ཕྲུག་བཀུར་བསྟི་ཆེ།  
        ཁྱིམ་ཚང་ནི་མི་ཚེའི་སློབ་ཁང་དང་པོ་ཡིན་པ་དང་།  ཕ་མ་གཉིས་པོ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡིན།  ཡུམ་ཆེན་གྱི་བཀའ་སློབ་ཀྱིས་ཞི་ཅིན་ཕིང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
        ཡི་གེ་ལུས་ལ་གཙག་ཚེ་ན་ཟུག་ཆེ།   ཡིན་ནའང་གང་དེ་ནམ་ཡང་ཡིད་ལ་ངེས།
        ཞི་ཅིན་ཕིང་གིས་ད་བར་ཆེས་བརྗེད་པར་དཀའ་བ་ནི་ཁོང་དགུང་ལོ་ལྔ་དྲུག་ཙམ་ལ་སོན་སྐབས་ཡུམ་ཆེན་གྱིས་ཁོང་ལ་བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་དགོས་ཞེས་བསླབ་བྱ་གནང་བ་དེ་ཡིན།  ལོ་དེར་ཡུམ་ཆེན་གྱིས་ཁོང་སྒལ་པར་འཁུར་ཏེ་ཤིན་ཧྭ་དཔེ་ཚོང་ཁང་དུ་ཡུའེ་ཧྥེ་ཡི་གཏམ་རྒྱུད་ཀྱི་དེབ་ཉོ་བར་ཁྲིད་གནང་ཡོད།  དེབ་ཉོས་ནས་ཕྱིར་ལོག་རྗེས་སྐུ་ན་ཕྲ་བའི་ཞི་ཅིན་ཕིང་ལ་བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་ཡུའེ་ཧྥེ་ཡི་ཨ་མས་ཡི་གེ་ཁབ་གཙག་བརྒྱབ་པའི་སྐོར་གླེང་གནང་གི་ཡོད།
        དུས་དེ་ནས་བཟུང་།  བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་ཞེས་པ་ཞི་ཅིན་ཕིང་གི་ཐུགས་ལ་བརྟན་པོར་ངེས་གནང་ཞིང་།  དེ་ནི་ཁོང་སྔར་ནས་ད་བར་སྐུ་ཚེ་ཧྲིལ་པོར་བརྩོན་ལེན་གནང་སའི་དམིགས་འབེན་ལ་གྱུར་ཡོད།
        ཞི་ཅིན་ཕིང་གི་ཡབ་ནི་གསར་བརྗེ་པ་རྒན་རབས་ཤིག་ཡིན་པ་མི་མང་པོ་ཞིག་གིས་ཤེས་ནའང་ཁོང་གི་ཡུམ་ཆེན་ཆི་ཞིན་ཡང་ལྗར་འགོག་དམག་འཁྲུག་སྐབས་མཛད་རྗེས་ཡོད་པ་ཞིག་ཡིན་པ་ཤེས་མཁན་ཉུང་ཉུང་ཡིན།
        ཆི་ཞིན་དགུང་ལོ13སྐབས་གསར་བརྗེའི་ནང་ཞུགས་པ་དང་།  དགུང་ལོ17ལ་ཏང་ནང་ཞུགས།  དེའི་རྗེས་ཀྱི་ལོ་བཅུ་ཕྲག་རིང་གང་སར་དམག་འཐབ་ནང་ཞུགས་ཏེ་བློ་ཁ་ཏང་ལ་ཕྱོགས་རྒྱུའི་འགྱུར་མེད་དམ་བཅའ་བཞག་གནང་ཡོད།   ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་དོན་ཆབ་སྲིད་སློབ་ཆེན་གྱི་དཀའ་ཚེགས་ཆེ་བའི་སློབ་སྦྱོང་དང་འཚོ་བས་ཁོང་གི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་བརྩེ་བ་སྐྱེད་སྲིང་བྱས་པ་དང་།  ཁོང་གི་གསར་བརྗེའི་འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་བཏང་བ། ཁོང་གི་གུང་ཁྲན་རིང་ལུགས་ཀྱི་མི་ཚེའི་དགོངས་པ་གྲུབ་ཡོད།
        ཕ་མ་དང་ཁྱིམ་བདག་ཡིན་པའི་ངོས་ནས་ཀུན་སྤྱོད་ཀྱི་ལྟ་བ་བཟང་པོ་ཆུང་བྱིས་པའི་དུས་ནས་བུ་ཕྲུག་རྣམས་ལ་བརྒྱུད་བསྒྲགས་གནང་བ་དང་།  ཁོང་ཚོར་ལ་རྒྱ་དང་བློ་སྟོབས་ལྡན་པ་བྱ་རྒྱུར་ཁྲིད་སྟོན་གནང་བ།  ཁོང་ཚོ་སེམས་བཟང་ཅན་ལ་འགྱུར་རྒྱུར་རོགས་རམ་གནང་བ།  ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་མ་གནང་ནས་ནར་སོན་རྗེས་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་པའི་མི་ཞིག་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་ཡོད།   ཁྱིམ་ཚང་གི་སློབ་གསོ་ཡིས་ཞི་ཅིན་ཕིང་གི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་བ་གྲུབ་པ་དང་།  ཁོང་གི་ལ་རྒྱ་དང་བློ་སྟོབས་སྐྱེད་སྲིང་ཐུབ་ཡོད།
        ཞི་ཅིན་ཕིང་གི་ཁྱིམ་དུ་བུ་ཕྲུག་ལ་སློབ་གསོ་ནན་པོ་གཏོང་བ་དང་བརྩོན་བསྲིས་ཁྱིམ་སྐྱོང་གི་ཁྱིམ་སྲོལ་བཟང་པོ་ཡོད།
        ཡུམ་ཆེན་ཆི་ཤིན་གྱིས་ཐོག་མཐའ་བར་གསུམ་དུ་རང་དཔེ་གཞན་སྟོན་གྱིས་ཕུལ་བྱུང་གི་ཁྱིམ་སྲོལ་ལ་བརྟེན་ནས་བུ་ཕྲུག་ཚོར་སློབ་གསོ་གཏོང་བ་དང་། ཁྱིམ་སྲོལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཞི་ཅིན་ཕིང་གིས་ཀྱང་གྲོན་ཆུང་བབ་ཆགས་ཀྱི་སྤྱོད་བཟང་ལག་ལེན་བསྟར་གནང་གི་ཡོད།
སྤྱི་ལོ་1959ལོར་ཆི་ཤིན་ནང་མི་དང་ལྷན་བཞུགས་ཀྱི་འདྲ་པར།
        ཁྱིམ་ཚང་ལ་ལྟ་རྟོག་དང་བུ་ཕྲུག་སྐྱོང་དགོས་པ་མ་ཟད། ད་དུང་གཞུང་གི་ལས་དོན་ཡང་ཚགས་ཚུད་པོ་སྒྲུབ་དགོས། དཀའ་སྡུག་ཇི་ཙམ་ཡོད་རུང་། ཆི་ཤིན་གྱིས་བྱ་གཞག་གཙོ་བོར་འཛིན་པ་དང་། ལས་ཀར་འཐུས་ཤོར་མི་ཡོང་བ་བྱེད་པ། དཀའ་ངལ་ཡོད་ཚེ་རང་གིས་ཁྱད་བསད་གནང་གི་ཡོད།
        ཆི་ཤིན་གྱིས་ལོ་མང་རིང་སྔ་བར་ཕྱི་གསུམ་དུ་བབ་ཆགས་ཀྱི་འཚོ་བའི་གོམས་གཤིས་རྒྱུན་འཁྱོངས་གནང་གི་ཡོད།  འོན་ཀྱང་དེ་ནི་ཞི་ཀྲུང་ཤུན་གྱི་སྐུ་ཟླའི་ངོས་ནས་དམིགས་བསལ་ཅན་བྱས་པ་ཞིག་རྩ་བ་ནས་མ་ཡིན། བུ་ཕྲུག་རྣམས་སློབ་གྲྭར་ཞག་སྡོད་བྱེད་རིང་། ཁྱིམ་དུ་བུ་རྫི་གདན་འདྲེན་ཞུས་མེད། བཟའ་ཟླའི་འབྲེལ་བ་བརྒྱུད་ཁྱིམ་དང་ཐག་ཉེ་ས་ཞིག་ཏུ་ལས་ཀ་བསྒྱུར་རྒྱུའི་བསམ་བློ་ཡང་གཏོང་མྱོང་མེད། མ་ཟད་ཙུང་ལི་གཞོན་པའི་སྐུ་ཟླའི་མིང་ཐོག་ནས་ཕྱི་འབྲེལ་བྱེད་སྒོར་ཐེངས་གཅིག་རང་ལས་ཞུགས་མྱོང་མེད། དཀའ་ཚེགས་ཆེ་ཤོས་ཀྱི་ལོ་ཟླའི་ནང་། ཆི་ཤིན་གྱིས་ཟླ་རེར་དུས་ཐོག་ཏུ་ཏང་དངུལ་སྐྱེལ་རྒྱུ་མཐའ་འཁྱོངས་གནང་གི་ཡོད།
        ཁྱེད་ཀྱི་ཨ་མ་ལགས་ནི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་རེད། དེ་ནི་ཞི་ཀྲུང་ཤུན་གྱིས་བཟའ་ཟླར་ཚད་མཐོའི་གདེང་འཇོག་དང་སྙིང་དབུས་ནས་བསྔགས་བརྗོད་གནང་བ་ཞིག་རེད།
        གཞུང་དྲང་འཆམ་མཐུན་གྱི་ཁྱིམ་སྲོལ་གྱིས་ཞི་ཅིན་ཕིང་ལ་མི་ཚེའི་ཐེབས་ཆི་དང་པོ་དེ་ཡག་པོ་བརྒྱབ་པ་དང་རིན་ཐང་ལྟ་བའི་རྨང་གཞི་ཡག་པོ་བཏིང་ཡོད།
        ཞི་ཅིན་ཕིང་གིས་ཁྱིམ་ཚང་ལ་མཐོང་ཆེན་དང་གཉེན་ཉེའི་བར་གྱི་བརྩེ་དུང་ལ་མཐོང་ཆེན་གནང་གི་ཡོད། འོན་ཀྱང་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ངོས་ནས། རྒྱུན་དུ་དུས་ཆེན་དང་ངལ་གསོའི་སྐབས་སུ་ཡིན་ནའང་ཁྱིམ་དུ་ལོག་ནས་གཉེན་ཉེ་དང་མཉམ་འཛོམས་བྱེད་ཐུབ་ཀྱི་མེད།
        སྤྱི་ལོ2001ལོའི་དཔྱིད་གསར་དུས་ཆེན་སྐབས། ཆི་ཤིན་གྱིས་སྐབས་དེ་དུས་ཧྥུ་ཅན་ཞིང་ཆེན་གྱི་འགོ་འཛིན་གནང་བཞིན་པའི་ཞི་ཅིན་ཕིང་ལ་ཞལ་པར་བསྐྱོན་སྐབས། ཁོང་གིས། ཁྱེད་ཀྱིས་ལས་ཀ་ཡག་པོ་བྱས་ཚེ་དེ་ནི་ཕ་མར་བཅངས་བའི་བརྩེ་བ་ཟབ་ཤོས་དེ་ཡིན་ལ། དེ་ནི་ཁྱིམ་ཚང་དང་རང་སོ་སོར་འགན་འཁུར་བ་ཞིག་ཡིན་ཞེས་གསུངས་ཡོད། 
        ཁྱིམ་ཚང་ཆེ་ཆུང་མེད་པ་གཞིས་ཚུགས་ས་གཅིག་ཡིན། ཡུམ་ཆེན་གྱི་བསམ་ཤེས་དང་རྒྱབ་སྐྱོར་ཁྲོད་འགན་འཁྲི་ནན་ཏན་འཁུར་དགོས་པའི་རེ་བ་ནན་པོ་བཅོལ་ཡོད།
        མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་སེམས་པ་བཅངས་ནས་ཞི་ཅིན་ཕིང་གིས་ཁྱིམ་ཚང་ཁྲི་སྟོང་མང་པོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རང་ཉིད་ཀྱི་འབད་འཐབ་དམིགས་འབེན་ལ་བརྩི་ཡི་ཡོད།
        ངའི་སྲིད་འཛིན་འདུ་ཤེས་མདོར་བསྡུས་ནས་བཤད་ན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་འཁུར་འོས་པའི་འགན་འཁྲི་འཁུར་རྒྱུ་དེ་ཡིན། གཞི་རིམ་ལ་རྐང་པ་བརྟན་པོ་ཚུགས་པ་དང་དམངས་དང་འབྲེལ་འདྲེས་གཏིང་ཟབ་བྱེད་པའི་ཐད་ལོ་མང་རིང་འགྱུར་བ་སྤུ་ཙམ་བྱུང་མེད། ཞི་ཅིན་ཕིང་གིས་རང་ཉིད་ཀྱི་ཕ་མར་བརྩེ་བ་ལྟར་མང་ཚོགས་ལ་དགའ་ཞེན་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་གནང་བཞིན་ཡོད།
        སྤྱོད་གཙང་ནི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་རེད་ལ།  ནང་མིའི་ངོས་ནས་བརྗོད་ན་ལག་རྟགས་ཡག་ཤོས་ཤིག་རེད།  ཞི་ཅིན་ཕིང་གིས་སྤོས་གནང་བའི་གོམ་པ་རེ་རེར།  ཆི་ཤིན་གྱིས་དུས་ཐོག་ཏུ་སྐུལ་ལྕག་དང་བསླབ་བྱ་གནང་གི་ཡོད།  
        ཐེངས་ཤིག  བུ་ཕྲུག་ཚོའི་མདུན་དུ་ཆི་ཤིན་གྱིས།  ཁྱིམ་ནང་གི་དོན་དག་ཆུང་ཙག་གིས་རྐྱེན་པས་ལས་ཀར་ཤུགས་རྐྱེན་ཐེབས་མི་རུང་ཞེས་གསུངས་ཡོད།  ཞི་ཀྲུང་ཤུན་གྱིས་གསན་རྗེས་དོ་ནན་ངང་།  དོན་དག་ཆེན་པོས་ཀྱང་ལས་ཀར་ཤུགས་རྐྱེན་ཐེབས་མི་རུང་ཞེས་གསུངས།  
        ཞི་ཅིན་ཕིང་ནས་ཧྥུ་ཅན་ཞིང་ཆེན་གྱི་འགོ་འཛིན་གནང་སྐབས།  ཆི་ཤིན་གྱིས་ཁྱིམ་ནང་གི་ལུགས་སྲོལ་ལྟར་ཁོང་ལ་ཡི་གེ་བསྐུར་གནང་གི་ཡོད་པ་དང་།  སེམས་བཟང་ཚིག་ནན་གྱིས།  གོ་གནས་ག་ཚོད་ཀྱིས་མཐོ་བ་ཡོད་ན་དེ་ཙམ་གྱིས་ཉེན་ཁ་ཆེ་ཞེས་གསུངས་གནང་ནས།  ཁོང་ནས་རང་ཉིད་ལ་རེ་བ་དེ་བས་ནན་པ་བཅོལ་དགོས་པའི་མངགས་བཅོལ་གནང་གི་ཡོད།  
        མི་ཞིག་གིས་སྤྱོད་གཙང་རང་གཅུན་མ་ཐུབ་ན།  མི་དེར་ལ་རྒྱ་མེད་པར་འགྱུར།  དེར་བརྟེན་སྤྱོད་གཙང་ནི་བདེ་སྐྱིད་ཡིན་པ་དང་།  འདོད་རྔམ་ནི་ཆག་སྒོ་ཡིན་པའི་གནས་ལུགས་སེམས་ལ་བརྟན་པོར་ངེས་ནས།  ཡང་དག་པའི་དབང་ཆའི་ལྟ་བ་དང་།  གོ་གནས་ལྟ་བ།  ཁེ་ཕན་ལྟ་བ་འཛུགས་པ་དང་།  ག་དུས་ཡིན་རུང་སེམས་པ་གནོན་ཐུབ་པ་དང་།  བྱ་སྤྱོད་ལ་བཏང་འཛིན་ཐུབ་པ།  སྤྱོད་གཙང་སྲུང་ཐུབ་པ་བཅས་བྱེད་དགོས།  ཏང་འཛུགས་པ་ནི་དམངས་ཀྱི་ཆེད་དུ་ཡིན་པ་དང་།  སྤྱོད་གཙང་ངང་དམངས་དོན་སྒྲུབ་པའི་བསམ་བློ་དེ་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་ལག་ལེན་ཁྲོད་བརྟན་པོར་ཟུག་ཡོད།  
        ཆི་ཤིན་གྱིས་སྐུ་ཟླས་ཁོང་ལ་གསུངས་པའི་བཀའ་མོལ། ལས་ཀ་ཡག་པོ་དང་།  སློབ་སྦྱོང་ཡག་པོ།  བྱ་བ་མཐའ་དག་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་པ་དེ་རང་ཉིད་ཀྱི་མི་ཚེའི་གདམས་ངག་ལ་བརྩི་ཡི་ཡོད།
        སྤྱི་ལོ1975ལོར།  ཞི་ཀྲུང་ཤུན་དང་ཆི་ཤིན་གྱིས་བུ་ཕྲུག་ཚོ་དང་མཉམ་དུ་ལོ་ཡང་དར་དམར་པར་ཁང་དུ་མཉམ་པར་ཞིག་བསྐྱོན་ཡོད།  རྒྱབ་ཀྱི་གཡོན་ནས་བཟུང་། བུ་ཞི་ཅིན་ཕིང་དང་།  བུ་མོ་ཞི་ཨན་ཨན།  མག་པ་ཝུའུ་ལུང་བཅས་རེད།  ༼པར་ཡོངས་ཁུངས།  ཞི་ཀྲུང་ཤུན་གྱི་བརྙན་པར་ལོ་རྒྱུས།༽
        དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་།  ཆི་ཤིན་དང་བུ་ཕྲུག་ཚོས་དཀའ་ངལ་ཁྲོད་ཡིད་ཐང་མི་ཆད་པར།  ཁོང་གིས་སྐྱེས་མ་ཞིག་གི་སྙིང་སྟོབས་དང་བྱམས་བརྩེའི་ཐོག་ནས་ནང་མིར་ཐུགས་ཁུར་གནང་གི་ཡོད།  སྙིང་སྟོབས་དེ་ལྟ་བུའི་འོག  ནང་མི་ཡོངས་ཀྱིས་སྲ་ཞིང་བརྟན་པའི་དད་མོས་དང་སྤྲོ་སྣང་གི་རྣམ་འགྱུར་ཐོག་ནས།  མཉམ་དུ་ལས་དབང་གི་ཀྱག་ཀྱོག་དང་མི་ཚེའི་དཀའ་ངལ་ལ་ཁ་གཏད་བཅག་གནང་ཡོད།  
        བྱ་བ་ཆེན་པོ་དང་དཀའ་ངལ་ཆེ་བའི་བྱ་བའི་མདུན་དུ་འགན་འཁྲི་འཁུར་ཕོད་མིན་མཐོང་བ་དང་།  གནས་བབ་ཡག་ཉེས་མདུན་དུ་མིའི་བློ་སྟོབས་དང་ཁོག་རྒྱ་མཐོང་ཐུབ།  གནས་བབ་ཡག་པོའི་སྐབས་སུ་རྒྱུན་འཁྱོངས་བྱེད་པ་དང་།  གནས་བབ་ངན་པའི་སྐབས་སུ་བབ་བརླིང་ཡོང་བ་བྱེད་དགོས།  ཡབ་ཡུམ་གྱི་འབད་འཐབ་ཉམས་མྱོང་གིས་ཞི་ཅིན་ཕིང་ལ་ཤུགས་རྐྱེན་ཧ་ཅང་གཏིང་ཟབ་མོ་ཐེབས་ཡོད་པ་རེད།  
        ལོ་མང་རིང་།  ལས་ཀ་དང་གོ་གནས་ལ་འགྱུར་བ་གང་འདྲ་བྱུང་རུང་།  ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཡུམ་གྱི་བཀའ་མངགས་ཐུགས་ལ་བརྟན་པོར་བཅངས་བ་དང་།  རང་ཉིད་ཀྱི་ཐོག་མའི་བསམ་མདུན་བརྟན་སྲུང་གནང་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག