ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་སྣ་དཀར་རྩེ་རྫོང་གིས་གནད་འཕིགས་ཇུས་འདོན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་སྤོ་སྒྱུར་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

2020-07-09 པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ནི་འབྲོག་ལས་གཙོ་བོ་དང་ཞིང་ལས་ཕལ་བ་བྱེད་པའི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་མཐའ་མཚམས་ཀྱི་རྫོང་ཞིག་ཡིན་ཞིང་། ཆ་སྙོམས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4480ཟིན་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ས་བབ་མཐོ་ཤོས་དང་མི་འབོར་མང་བའི་རྫོང་ཞིག་ཡིན་པས། ཞིང་འབྲོག་པའི་སྤོ་སྒྱུར་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། 
            སྣ་དཀར་རྩེ་རྫོང་གིས་ཆེས་འགག་རྩར་གྱུར་པའི་ངལ་ནུས་ཕྱིར་གཏོང་ལ་དམ་འཛིན་བྱས་ཏེ། ། “ལས་སྟེགས་བསྐྲུན་ནས་ལས་ཞུགས་ལ་ཞབས་འདེགས་ཞུ་བ་དང་།  རྩལ་ནུས་བྱང་ཚད་མཐོ་རུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། ཐོན་ལས་ལས་གཞི་མཉམ་དུ་བསྐྲུན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཕྱི་གཏོང་སྤོ་སྒྱུར་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ”སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྩ་འཛུགས་ཞབས་ཞུའི་ལས་དོན་ཧུར་ཐག་ངང་བསྒྲུབས་པ་དང་། དེ་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་བརྟན་པོའི་ངང་ལས་ཞུགས་འབབ་འཕར་ཡོང་བའི་འགན་ལེན་བྱས་ཤིང་། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་རྨང་གཞི་བརྟན་པོ་བཏང་བ་རེད། 
སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭས་བསྐྲུན་པའི་ཁང་པ་གསར་པ།
            ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སྣ་དཀར་རྩེ་རྫོང་དུ་ངལ་རྩོལ་ནུས་ཤུགས་ལྷག་མ་ཐོ་འགོད་བྱས་པའི་མི་གྲངས་6086ཟིན་པ་དང་།  སྤོ་སྒྱུར་ལས་ཞུགས་ཀྱི་མི་གྲངས་5452ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1134ཡོད་པ་དང་། ངལ་ནུས་ཡོང་འབབ་སྒོར་ཁྲི་8124ཟིན་པ་དེས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9འཕར་བར་བྱས་ཡོད། 
            ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྣ་དཀར་རྩེ་རྫོང་གིས་“གནས་དང་གནས་སྦྲེལ་བའི”ཞབས་ཞུའི་མཉམ་འགུལ་ལམ་སྲོལ་ལ་ཤུགས་བསྣན་ཏེ་མང་ཚོགས་ཀྱི་ལས་ཞུགས་འདུན་པ་དང་། སྤྱི་ཚོགས་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་དག་ལ་རྒྱུས་ལོན་བྱས་ནས་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་དུས་ཐོག་ཏུ་ལས་གཉེར་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཤིང་། ཞིང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་ཐོན་སློབ་མར་དམིགས་ནས་རྫོང་ཁོངས་སུ་ལས་ཞུགས་ལས་གནས་376གསར་སྤེལ་དང་། དྲ་རྒྱའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་2ལ་འཚོགས་པ།། ཞིང་འབྲོག་མང་ཚོགས་ཕྱི་ཐོག་ཏུ་ཞོར་ལས་ལ་བསྐྱོད་པ་དང་ཐག་ཉེ་ས་དང་སྟབས་བདེ་ས་ནས་ལས་ཞུགས་ཐུབ་རྒྱུར་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱ་ཆེད།  མིག་སྔར་ལས་གནས་ཆ་འཕྲིན་ཐེངས་12ལ་ལས་རྐང་3717ཡོངས་བསྒྲགས་བྱས་ནས། ཞིང་འབྲོག་མང་ཚོགས་མི་ཐེངས་2610སྤོ་སྒྱུར་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་1314འཕར་ཡོད། 
            སྣ་དཀར་རྩེ་རྫོང་གིས་ལས་ཞུགས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྤོ་སྒྱུར་ལས་ཞུགས་ཀྱི་“དངོས་གཞི་ཅན་”འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། ཞིང་འབྲོག་མང་ཚོགས་དག་ཐག་ཉེ་ས་དང་སྟབས་བདེ་ས་ནས་ལས་ཞུགས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་ཤིང་། སྲིད་གཞུང་གིས་མ་དངུལ་བཏང་བ་བརྒྱུད་དེ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་དང་། གནད་འཕིགས་དབུལ་སྐྱོར་གྱི་བོད་ལུགས་ཁྱིམ་ཆས་བཟོ་གྲྭ། མི་རིགས་ལག་ཤེས་བཟོ་ལས་འཛུགས་སྐྲུན་བཅས་འབད་བརྩོན་བྱེད་པའི་གནས་གཙོ་བོ་བྱས་ཏེ།  གསོ་སྦྱོང་དང་ལས་ཞུགས། ལས་གཏོད། ཁེ་ལས་སྐྱེད་སྲིང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་པ་སྣ་མང་གི་“གཉིས་གཏོད”གསོ་སྐྱོང་རྟེན་གཞི་བསྐྲུན་པས། མི་གྲངས་87ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། དབུལ་སྐྱོར་ཐོན་ལས་རྣམ་གྲངས་23དང་ས་གནས་དེ་གའི་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས། སྣ་དཀར་རྩེ་རྫོང་གི་ཡར་འབྲོག་གཡུ་མཚོ་ཚོགས་པ་དང་། ཤ་ཚལ་སྒོང་གསུམ་ལས་གྲྭ། སྡོང་ཕྲུག་ར་བའི་རྟེན་གཞི། གྲ་བཞི་གྱོན་ཆས་བཟོ་གྲྭ་སོགས་ཀྱི་དཔེ་མཚོན་འཐུས་མི་11ཐོག་མར་བདམས་སྟེ་ལས་ཞུགས་རྟེན་གཞི་བཙུགས་པས། མི་1700ལྷག་ཙམ་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཤིང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་སྲིན་པོ་རི་གནས་སྤོའི་ས་ཚུགས་འཛུགས་སྐྲུན་ལས་གཞི་ཁོ་ན་བརྒྱུད་དེ། སྣ་དཀར་རྩེ་རྫོང་ནས་ཡིན་པའི་ཞིང་འབྲོག་ལས་མི་1050བསྡུས་པ་དང་མི་རེའི་ཉིན་རེའི་ཆ་སྙོམས་གླ་ཕོགས་སྒོར་280ཟིན་གྱི་ཡོད་པ་རེད། 
བོད་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིན་པོ་རི་བཀོད་སྒྲིག་ཁུལ་གྱི་གྲོང་མིའི་སྡོད་ཁང་།
            སྣ་དཀར་རྩེ་རྫོང་གིས་མང་ཚོགས་ཀྱི་འདོད་བློ་དེ་ཁྲོམ་རའི་དགོས་མཁོ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཧུར་ཐག་འབད་ཐག་གིས་སྔ་མོ་ནས་ཁེ་ལས་དང་འབྲེལ་མཐུད་བྱས་ནས། ལས་གནས་ཀྱི་མངག་ཐོ་འཚོལ་སྡུད་བྱེད་པ་དང་། ལས་ཞུགས་ཀྱི་འདོད་མོས་གྲོས་མཐུན་འཇོག་པ། ཁག་བགོས་དང་རིགས་དབྱེ་ནས་“མངག་ཐོའི་རྣམ་པའི”རྩལ་ནུས་གསོ་སྦྱོང་བྱས་ཤིང་། བཟོ་པས་གསོ་སྦྱོང་གི་ཚབ་བྱེད་པ་དང་རྙིང་པས་གསར་པར་སྣེ་ཁྲིད་བྱེད་པའི་བྱ་ཐབས་རྒྱུན་འཁྱོངས་བྱས་ནས། གསོ་སྦྱོང་གི་ཚད་ལོན་པའི་མི་སྣ་དང་དུས་ཐོག་ཏུ་ངལ་རྩོལ་གན་རྒྱ་བཞག་སྟེ། ཟམ་མི་ཆད་པར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་བྱང་ཚད་མཐོ་རུ་བཏང་ནས་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
            རྗེས་ཕྱོགས་སྣ་དཀར་རྩེ་རྫོང་གིས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་སྒྲོག་སྔར་ལས་ལེགས་པར་སྤེལ་ནས། རྣམ་པ་སྣ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལས་གཞིའི་ཁྲོད་ཀྱི་མི་སྣའི་དགོས་མཁོ་ལ་མཐོང་ཆེན་དང་དོ་སྣང་བྱས་ཏེ། རྒྱུན་ལྡན་ངང་གནད་འཕིགས་སྦྲེལ་མཐུད་ཚོགས་འདུ་དང་གདན་ཞུའི་ཚོགས་འདུ་སྣ་ཚོགས་སྤེལ་ནས། ཞིང་འབྲོག་པའི་སྤོ་སྒྱུར་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག