ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་ཤིང་།
ཚའེ་ཆིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ།
ཟླ་10ཚེས་9ཉིན། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ནས་ཚོགས་ཞུགས་འཐུས་མིར་གུས་ལན་གནང་བཞིན་པ།
ཟླ་10ཚེས་9ཉིན། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཚའེ་ཆིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་ནང་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི”ཚོགས་རྟགས་བཀལ་ཡོད་པ་དང་། ཀྲུའུ་ཞི་སྡིངས་ཆའི་རྒྱབ་ངོས་ཀྱི་དབུས་སུ་བཀལ་བའི་ཀྲུང་གོ་བཟོ་ཚོགས་དང་ཀྲུང་གོ་བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་གཅིག་གྱུར་མཚོན་པའི་བཟོ་ཚོགས་ཀྱི་ཚོགས་རྟགས་ལས་འོད་ལམ་ལམ་དུ་འཚེར་བཞིན་ཡོད་ཅིང་། དེའི་གཡས་གཡོན་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ལས་བཟོ་དུང་ཕྱུར་མང་པོ་སྒྲིག་འཛུགས་དང་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་པའི་འཕྲེད་འགེལ་ཡི་གེ་ཆེན་པོ་ཞིག་བཀལ་ཡོད་པ་རེད།
རྒྱལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་ཀྲུང་གོ་བཟོ་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་2000ཙམ་དང་ཆེད་མངགས་གདན་ཞུའི་འཐུས་མི་50ལྷག་ཙམ་གྱིས་ལས་བཟོ་དུང་ཕྱུར་མང་པོའི་མངགས་བཅོལ་ཟབ་མོ་སེམས་ལ་བཅངས་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚའེ་ཆིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས《རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ནང་ཞུགས་པའི་བརྗིད་ཆེའི་ལེའུ་ཧུར་ཐག་རྩོམ་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་བཟོ་ཚོགས་ཀྱི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཚའེ་ཆིས་ཤིས་ཚིག་ནང་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་འབད་འཐབ་དངོས་སྒྲུབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་བཟོ་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན། རིམ་ཁག་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ། ལས་བཟོའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད། ཁེ་དབང་སྲུང་སྐྱོང་དང་ཞབས་ཞུའི་འགན་འཁྲི་སྒྲུབ་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། རྒྱ་ཆེའི་ལས་བཟོས་དུས་རབས་གསར་པར་བྱས་རྗེས་ཧུར་ཐག་འཇོག་རྒྱུར་སྐུལ་སློང་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད།
ཚའེ་ཆིས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་ཡོད། ཏང་གི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ལས་དོན་གྱི་བརྗོད་དོན་གཙོ་བོ་དང་ཁ་ཕྱོགས་རེད། བཟོ་པའི་གྲལ་རིམ་གྱིས་ལྷག་བསམ་རྣམ་དག་དང་བློས་འགེལ་བའི་སྒོ་ནས་བཟོ་པའི་གྲལ་རིམ་གྱི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཛིན་དང་། ངལ་རྩོལ་གསར་གཏོད་ལ་བརྟེན་ནས་བཟོ་པའི་གྲལ་རིམ་གྱི་འགན་འཁྲི་དང་ལས་འགན་འཁུར་བ། འཇོན་ཐང་ཆེན་པོར་བརྟེན་ནས་བཟོ་པའི་གྲལ་རིམ་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པ། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་བཟོ་པའི་གྲལ་རིམ་གྱི་བླ་ན་མེད་པའི་གཤིས་སྤྱོད་དར་སྤེལ་གཏོང་བ་བཅས་བྱེད་དགོས། རིམ་ཁག་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་ལས་བཟོར་ཞབས་འདེགས་ཧུར་ཐག་ཞུ་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ནུས་ལྡན་འདོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་ཡིས་སྔ་རྗེས་སུ་མི་དམངས་ཚོགས་པ་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་བསྒྲོན་པ་རེད།
ཝང་ཏུང་མིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅུ་བདུན་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ལས་བཟོ་དུང་ཕྱུར་མང་པོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་ཁག་3ལ་དབྱེ་བ་སྟེ། དུས་རབས་གསར་པའི་རང་རྒྱལ་གྱི་བཟོ་པའི་ལས་འགུལ་བྱ་གཞག་འཕེལ་རྒྱས་དང་འདས་ཟིན་པའི་ལོ་ལྔའི་ལས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བཟོ་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སླད་ཕྱིན་ལོ་ལྔའི་ལས་དོན་གཙོ་བོ་བཅས་རེད།
རྩོམ་སྒྲིག་པ། རིག་གྲོལ།