ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ།

2023-12-27
  ཟླ་12ཚེས་25ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།
  སྔ་དྲོའི་ཆུ་ཚོད་11ཙམ་ལ། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
  ད་ཐེངས་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ནི། ལྷོ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཝུན་ཆོན་དང་། མཚོ་དམག་གི་སི་ལིང་ཡོན་ཧུའུ་ཀྲུང་མིང་རེད།
  ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་རྣམ་གཉིས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད་ཅིང་། ཞི་ཅིན་ཕིང་གིས་ཁོང་རྣམ་གཉིས་ལ་བཀའ་ཡིག་གནང་ནས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཀྱི་དཔུང་རྟགས་བཏགས་པའི་དམག་དཔོན་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་དང་མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
  སྐད་གསང་མཐོ་བའི་དམག་གླུའི་ཁྲོད་དུ་གོ་རྟགས་སྤོར་བའི་མཛད་སྒོ་མཇུག་འགྲིལ་བ་དང་། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད།
  ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མེའོ་ཧྭ། ཀྲང་ཧྲེང་རྨིན། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་པ་རེད།
འབྲེལ་ཡོད་རྩོམ་ཡིག