ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཧུའུ་ནན་གྱིས་གོང་འཕེལ་གྱི་གནས་སྟངས་གསར་པ་བཏོད་པའི་ཁྲོད་རང་ངོས་ཀྱི་འཐབ་ཇུས་ངེས་གནས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་སྟངས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། བསྒྱུར་བཅོས་གསར་གཏོད་དང་། བདེན་འཚོལ་དངོས་སྒྲུབ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་གལ་འགངས་ཆེ་བའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་དང་། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས། ནང་ལོགས་སྐམ་སའི་ས་ཁུལ་གྱི་བསྒྱུར་བཅོས་སྒོ་དབྱེའི་མཐོ་ས་བཅས་གཏོད་པར་རྒྱུན་མཐུད་ཤུགས་རྒྱག་པ། དབུས་རྒྱུད་ས་ཁུལ་སྟོབས་ཆེར་གཏོང་བ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་པ་ཆེན་པོས་མདུན་དུ་སྐྱོད་མཁན་ཞིག་བྱེད་པ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་འབད་པས་རྩོམ་དགོས་ཞེས་ནན་གསུངས་གནང་ཡོད།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཧུའུ་ནན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་དང་ཞིང་ཆེན་གྱི་འགོ་འཛིན་མའོ་ཝེ་མིང་གི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཁྲང་ཧྲ་དང་ཁྲང་ཏེ་སོགས་ཀྱི་སློབ་གྲྭ་དང་ཁེ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། གྲོང་གསེབ་སོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།
ཚེས་18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧུའུ་ནན་དགེ་འོས་སློབ་གླིང་དང་པོ(གྲོང་ལྷོའི་དཔེ་ཁང་སློབ་ཁུལ)དུ་རྟོག་ཞིབ་གནང་ཡོད། སློབ་གྲྭ་དེ་ནི་སུང་རྒྱལ་རབས་སྐབས་སུ་བཙུགས་པའི་གྲོང་ལྷོའི་དཔེ་ཁང་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། ཉེ་རབས་ཚུན་དུ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་དང་གྲགས་ཅན་མཁས་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་གིས་གཞོན་ནུའི་སྐབས་ཀྱི་མའོ་ཙེ་ཏུང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། སློབ་གླིང་གི་འཕེལ་རྒྱས་ལོ་རྒྱུས་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཚུལ་སོགས་ཀྱི་ཐད་མཁྱེན་རྟོགས་གནང་ཡོད། སློབ་གླིང་གི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་དགེ་སློབ་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཁོང་གིས། རྒྱལ་ཁབ་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་སློབ་གསོ་ཡག་པོ་གཉེར་དགོས། དགེ་འོས་སློབ་གླིང་དང་པོ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་ས་ཡག་པོ་ཞིག་ཡིན་པས། གསར་བརྗེའི་ཐོན་ཁུངས་འདི་ཉིད་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། སློབ་གྲྭས་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱེད་དགོས་ཤིང་། དགེ་རྒན་གྱིས་རང་དཔེ་གཞན་སྟོན་ཡག་པོ་བྱེད་དགོས། སློབ་མའི་ཤེས་བྱ་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་པ་མ་ཟད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཚོགས་ཏེ། སློབ་མས་སྤྱོད་བཟང་གསོ་སྤེལ་དང་ངོ་ཚ་ཁྲེལ་ཤེས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་ཆེན་པོ་འཆང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་རྐང་འཛིན་མི་སྣར་ཧུར་ཐག་ངང་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
དེ་རྗེས། ཞི་ཅིན་ཕིང་པ་སི་ཧྥུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ཡོད། ཀུང་སི་དེ་ནི་ལིས་གྱེས་རྡུལ་གློག་རྫས་ཕོ་སྣེའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཙོ་གཉེར་བྱེད་པའི་ཀྲུང་གོ་དང་འཇར་མན་གྱི་མ་རྩ་མཉམ་འཇོག་གི་ཁེ་ལས་ཤིག་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་། ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ཞིང་། རྒྱུ་ཆའི་ནུས་པ་ཚད་ལེན་ཚོད་ལྟ་བྱས་ཚུལ་དང་གློག་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཐད་མཁྱེན་རྟོགས་གནང་ཡོད། ཁོང་གིས། ཚན་རྩལ་གསར་གཏོད་དང་སྤུས་མཐོའི་གོང་འཕེལ་གཏོང་རྒྱུ་ནི་ཁེ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་མི་ཕམ་པར་གནས་ཐུབ་པའི་འགག་རྩ་ཞིག་ཡིན་པས། དམངས་གཉེར་ཁེ་ལས་དང་མ་རྩ་མཉམ་འཇོག་ཁེ་ལས་ལ་དེའི་ཐད་མདུན་ལམ་ཆེན་པོ་ཡོད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་གོང་འཕེལ་གཏོང་བར་ཡོང་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཚེས་19ཉིན། ཞི་ཅིན་ཕིང་གིས་ཁྲང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ཡོན་ཅང་གཙང་པོའི་འགྲམ་ངོགས་སུ་གནས་པའི་ཁྲང་ཏེ་གཙང་འགྲམ་ཁྲོམ་གཞུང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། 1943ལོའི་ཁྲང་ཏེ་གཡུལ་འགྱེད་སྐབས་སུ་གཏོར་བཤིག་ཐེབས་པ་རེད། ཉེ་བའི་ལོ་ཤས་རིང་། ཁྲང་ཏེ་གྲོང་ཁྱེར་གྱིས་གཙང་འགྲམ་ཁྲོམ་གཞུང་རྙིང་པའི་རྣམ་པ་སླར་གསོ་བྱས་པ་དང་། དེ་གར་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཏུ་བསྐྲུན་ཡོད། ཉིན་དེའི་སྔ་དྲོ། ཞི་ཅིན་ཕིང་ཁྲང་ཏེ་གཙང་འགྲམ་ཁྲོམ་གཞུང་དུ་ཕེབས་ནས། ཁྱད་ལྡན་ཁ་ཟས་དང་། ཁྱད་ལྡན་ཐོན་རྫས། ཁྱད་ལྡན་བཟོ་རྩལ་ཐོན་རྫས་བཅས་ལ་གཟིགས་ཞིབ་གནང་བ་དང་། ཚོང་བདག་དང་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་འགྲེམས་སྟོན་ལ་གཟིགས་པ་དང་། ཁྲང་ཏེ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་ཉམས་གསོ་བེད་སྤྱོད་དང་གྲོང་ཁྱེར་གྱི་འཆར་འགོད། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཞི་ཅིན་ཕིང་གིས། སྣ་མང་ཕུན་སུམ་ཚོགས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱིས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་ཐུན་མོང་ཐོག་གྲུབ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་བཞིན་ཡོད། ཁྲང་ཏེ་ནི་རིག་གནས་རྒྱུན་འཛིན་བྱེད་ས་ཞིག་ཡིན་པས། འདི་གའི་སི་རྒྱུད་དང་། རྟ་དབྱངས། ལས་གཞས་སོགས་གཞི་རྟེན་འོས་འཚམ་ཞིག་རྒྱུན་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱིས་གོང་འཕེལ་ཡག་པོ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཧུའུ་ནན་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་ཞིང་ཆེན་གཙོ་བོ་13གྱི་གྲས་ཤིག་ཡིན་པ་དང་། ཆུ་འབྲས་ཀྱི་འདེབས་ཁྱོན་དང་ཐོན་འབོར་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད། དེ་ཉིན་ཕྱི་དྲོར། ཞི་ཅིན་ཕིང་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཁུལ་ཞེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་ཕེབས་ནས། དེ་གའི་འབྲུ་རིགས་མུའུ་ཁྲི་ཐོན་སྐྱེད་བྱེད་ཁུལ་གྱི་ཕྱོགས་བསྡུས་དཔེ་སྟོན་ཡུག་ཁུལ་དུ་ཕེབས་ཏེ། མྱུ་གུ་གསོ་སྤེལ་དང་དཔྱིད་འདེབས་ དང་རྨོ་འདེབས་གྲ་སྒྲིག་གི་འཕེལ་རིམ་ལ་གཟིགས་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཚུལ་གསན་པ་མ་ཟད། འབྲུ་འདེབས་དུད་ཁྱིམ་ཆེན་པོ་དང་། ཞིང་ལས་ཚན་རྩལ་མི་སྣ། གཞི་རིམ་གྱི་ལས་བྱེད་པ་བཅས་དང་ལྷན་དུ་གཏོང་སྒོ་དང་ཡོང་སྒོ་རེ་རེ་བཞིན་དུ་རྩིས་བསྐྱོན་པ་རེད། ཞི་ཅིན་ཕིང་གིས། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པ་དང་། འབྲུ་རིགས་བདེ་འཇགས་ཡོང་བ་བྱེད་པར་ངེས་པར་དུ་སོ་སོ་རང་ཉིད་ལ་བརྟེན་དགོས་པ་དང་། ཀྲུང་གོ་བའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོ་བ་རང་ཉིད་ཀྱི་འབྲུ་རིགས་བླུག་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། གཞི་ཁྱོན་འོས་འཚམ་གྱི་ལས་གཉེར་བྱེད་ཐབས་ཁྱབ་གདལ་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སོན་བཟང་དང་། འཕྲུལ་བཟང་། ཁྲིམས་བཟང་བཅས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལེགས་རྨོས་ཞིབ་ལས་བྱེད་པའི་ཐད་དཀའ་བ་སྤྱོད་པ། མུའུ་རེ་ནས་འབྲུ་རིགས་ཐོན་ཚད་དང་དེའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ཏེ། འབྲུ་རིགས་བཏབ་ནས་ཕྱུག་པོར་འགྱུར་ཐུབ་པ་བྱེད་པ་བརྒྱུད་ཞིང་དུད་དེ་བས་མང་བ་དེང་རབས་ཅན་གྱི་ཞིང་ལས་སྟོབས་ཆེན་གོང་འཕེལ་གཏོང་བའི་ཁྲོད་ཞུགས་རྒྱུར་ཡིད་འགུག་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་འགྲོ་ལམ་དངོས་འབྲེལ་དྲང་འབྲེལ་གྱིས་བརྟན་བགྲོད་དང་རྒྱང་བགྲོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་དེ་རྗེས་འབྲུ་འདེབས་དུད་ཚང་ཆེན་པོ་ཏའེ་ཧུང་གི་ཁྱིམ་དུ་ཕེབས་ནས། ཞིང་ལས་འཕྲུལ་ཆས་དང་དཔྱིད་འདེབས་ཀྱི་དངོས་གསོག་གྲབས་གསོག་བྱས་ཚུལ་ལ་གཟིགས་པ་མ་ཟད། གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས་སུ་ཕེབས་ནས་ས་གནས་དེ་གས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཚུལ་དང་། གཞི་རིམ་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་ཚུལ་སོགས་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ལས་མི་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱེད་པ། ལས་དོན་དེར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད། ཁོང་གིས། གཞི་རིམ་གྱི་ལས་བྱེད་པས་ཞིང་ལས་གོང་འཕེལ་དང་གྲོང་གསེབ་བཅོས་སྒྲིག་བྱེད་པའི་ཐད་ཐབས་ཇུས་མཉམ་འདོན་བྱས་ནས། ཞིང་པ་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་གྲུབ་འབྲས་དངོས་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས་ཞེས་སྐུལ་ལྕག་གནང་ཡོད།
དེ་ནས་ཞལ་གྱེས་སྐབས། ཡུལ་མི་ཚོ་ཚུར་རུབ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་ཚང་མར། ཏང་ཀྲུང་དབྱང་གིས་ཞིང་གསུམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕན་ཡོད་ཀྱི་སྲིད་ཇུས་བྱ་ཐབས་བཏོན་ནས་མང་ཚོགས་ཀྱི་དོ་ཁུར་དང་དགོས་མཁོར་ལན་ཆ་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་འགོད་དེ་དོན་དངོས་སུ་འགྱུར་ཐུབ་པ་བྱེད་ངེས་རེད་ཅེས་གསུངས་པ་རེད། གྲོང་ཚོའི་ནང་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།
ཚེས་21ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་སྙན་སེང་ཞུས་པར་གསན་གནང་བ་དང་། ཧུའུ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་དེ་རེད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་འབྲེལ་མཐུད་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ཚན་པ་རྩེ་གྲ་ནང་འདྲེན་ཧུར་ཐག་བྱེད་པ། འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་གཏོད་ནུས་པ་གོང་མཐོར་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གནས་བབ་གཙོ་བོ་སྲ་བརྟན་དུ་གཏོང་བ་དང་། གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག མ་དངུལ་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། བཟང་ཆ་ལྡན་པའི་ཁེ་ལས་ཐོག་གཅིག་སྡུད་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་གལ་ཆེའི་ལག་རྩལ་སྒྲིག་ཆས་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། མུ་མཐུད་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱ་ཆེ་དང་སྟོབས་ཆེར་གཏོང་བ། ཐོན་ལས་མཐོ་རིམ་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་རིམ་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱོན་ཡོངས་བབསྒྱུར་བཅོས་ཟབ་གཏོང་བྱེད་པར་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོས་པའི་ཐོགས་ས་དང་འགག་གནད་དང་། གོང་འཕེལ་གྱི་ཁོར་ཡུག་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་གནད་དོན། སྤྱི་ཚོགས་དྲང་གཞག་དྲང་བདེན་ལས་འགལ་བའི་དོ་ཁུར་བྱེད་མང་བ་དང་གླེང་མང་བའི་གནད་དོན་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ཉེན་ཁ་ཚབས་ཆེན་འགོག་སེལ་ནུས་ལྡན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་སྣོན་པ་བཅས་བྱེད་དགོས། ཧུའུ་ནན་གྱིས་བབསྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོའི་འཛུགས་སྐྲུན་ནང་དེ་བས་ལེགས་པའི་ངང་ཞུགས་པ། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ་འཐབ་ཇུས་ནང་ཁྱོན་ཡོངས་ནས་མཉམ་འདྲེས་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་གཏིང་ཟབ་ཞུགས་པ། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཚད་གཞི་མཐོ་པོས་འཛུགས་སྐྲུན་ཡག་པོ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཀྱི་སྔོན་སྐྱོད་ཁུལ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར“ཞིང་གསུམ”ལས་དོན་སྒྲུབ་པའི་སྤྱིའི་དམ་འཛིན་བྱེད་ས་ཞིག་རེད། ཧུའུ་ནན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ནས། ས་བོན་དང་རྨོ་ཞིང་གི་གཙོ་གནད་གཉིས་ལ་དམ་འཛིན་གྱིས་ས་བོན་ལས་རིགས་དང་ཞིང་འཕྲུལ་གྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་བྱེད་མགྱོགས་སུ་གཏོང་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་རྒྱུན་འཁྱོངས་བྱས་ཐོག ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། གོམས་སྲོལ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། དབུལ་ལོག་མི་ཐེབས་པ་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་ལོག་གནས་ཚུལ་མི་ཐོན་པ་བྱེད་པའི་མཐའ་ཐིག་མཐའ་གཅིག་ཏུ་བསྲུང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཧུའུ་ནན་གྱིས་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པའི་སྒོ་ནས་འཁུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནུས་ལྡན་ལམ་སྲོལ་འཚོལ་ཞིབ་དང་། རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་སུ་བཏང་ནས། རིག་གནས་ཐོན་ལས་ཀྱི་འཕར་གཞི་གསར་པ་སྔར་ལས་མང་བ་ཆགས་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཧུའུ་ནན་ས་གཞི་ཆེན་པོའི་སྔོ་ལྗང་རི་ཆུ་དང་དགུང་སྔོན་ས་གཙང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དེ་དག་ཡུལ་སྐོར་ལས་རིགས་ཀྱི་ཡིད་དབང་འགུག་སར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རྒྱུན་མཐུད་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཐད་ཀྱི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། གཞུང་དྲང་སྒོ་ནས་དབང་ཆ་བེད་སྤྱོད་དང་ཁྲིམས་ལྟར་དབང་ཆ་བེད་སྤྱོད། དམངས་ཀྱི་ཆེད་དུ་དབང་ཆ་བེད་སྤྱོད། སྤྱོད་གཙང་ངང་དབང་ཆ་བེད་སྤྱོད་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་ལ་ལྷན་དུ་ཕེབས་ཡོད།
ལི་ཀན་ཅེ་དང་ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
ཟླ་3ཚེས་20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད། ཀྲང་ཡིའུ་ཞ་ཡིས་ཐུག་འཕྲད་ལ་ཕེབས་རོགས་ཞུས་ཡོད།