རྒྱ་ཆེ་བའི་གསར་ལམ་ལས་ཀ་བ་དང་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། ༢༠༠༠ ལོར་བཙུགས་པའི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ནི་བོད་ཀྱི་དྲ་བ་དག་ལས་རྒན་རབས་པའི་གྲལ་དུ་འཁོད་ཅིང་། ༢༠༡༠ ལོའི་ཟླ ༧ པར“ཀྲུང་གོའི་བོད་ལྗོངས་དྲ་བ”(http://tb.tibet.cn/)ཞེས་པར་མིང་སྤར། ད་ཆ་རྒྱ་བོད་ཨིན་འཇར་ཧྥ་སོགས་ཡིག་རིགས་ལྔའི་ལམ་ནས་བོད་དང་འབྲེལ་བའི་གནས་ཚུལ་སྤེལ་གྱི་ཡོད་ཅིང་བོད་སྲོག་ཏུ་བཟུང་བའི་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་དྲ་བ་ཆེ་གྲས་སུ་གཏོགས།
དེ་ལ་ད་ལོ་ནས་བཟུང་དྲ་བའི་སྔ་མའི་ལམ་རྙིང་སྟེ་ཕྱི་ཕྱོགས་ལ་དྲིལ་སྒྲོག་འབའ་ཞིག་དང་ཆབ་སྲིད་ཀྱི་འཐབ་ར་བྱེད་པའི་བརྟུལ་ཞུགས་ཡོངས་སུ་དོར་ཏེ། "སྨྱན་བྱད"མཚན་ཉིད་པར་བསྒྱུར་བར་འབད་ཀྱིན་ཡོད་ཅིང་། བྱེ་བྲག་ཏུ་བོད་ཁུལ་གྱི་སྤྱི་ཚོགས་དངོས་དང་གནད་དོན་དངོས་ལ་གདོང་གཏོད་པ་དང་། དམངས་ཀྱི་འཚོ་བ་དངོས་དང་རྙོག་དྲ་དངོས་ལ་ཉེ་བར་བཅར་བ། ཀློག་མཁན་ལྟེ་བར་འཛིན་པ། རང་མགོ་རང་གིས་མི་གཡོགས་པ། སྤྱི་ཚོགས་ཀྱི་འགན་ཕྲག་ཏུ་འཁུར་བ། བོད་ཁུལ་གྱི་ས་གནས་སྲིད་གཞུང་སོགས་དོན་ཆེ་མ་ཆུང་གསུམ་ལ་ལྟ་རྟོག་གི་ནུས་པ་དང"སྨྱན་བྱད"དེ་ཀུན་ལ་བརྡ་སྤྲོད་པའི་ནུས་པ་གང་ལེགས་ཐོན་ཆེད། གསར་འགྱུར་གྱི་བདེན་པ་སྙིང་ལ་བཅངས་ཤིང་ཁ་ལྕེའི་གློག་འཁྱུག་པ། དཔྱད་པ་ཞིབ་ལ་ཁུངས་བཙན་པ། སྐད་ཆ་གནད་དུ་ཁེལ་ཞིང་ཚིག་ལ་ཉག་ཉོག་མེད་པ། སྨྱན་བྱད་ལས་རིགས་འདིར་ལྷག་བསམ་རྣམ་པར་དག་པའི་བོད་ཁུལ་གྱི་གཞི་རིམ་གྱི་གསར་འགོད་པ་དང་དྲ་གྲོགས་ལྷན་རྒྱས་མཉམ་ཞུགས་གནང་ཐུབ་པའི་རེ་བ་བཅངས་ཡོད།
མི་ཡིན་ནོ་ཅོག་གསར་འགོད་པ་དང་སྨྱན་བྱད་ལས་ཀ་བ་ཡིན་པའི་དེང་གི་དུས་འདིར། ངེད་ཅག་གིས་ཀྱང་ཞར་རྫུ་འོན་རྫུ་གླེན་རྫུ་མི་བྱེད་པར། རང་གི་སྐད་སྒྲ་ཕྱུངས་ནས་རང་གི་གནས་སྟངས་ལ་དོ་ཁུར་གནང་དགོས་ཤིང་། འདི་ནི་དོན་དམ་པའི་སྨྱན་བྱད་ཡིན་ཞིང་འདིས་གཞི་ནས་ཡོད་པའི་ཡོད་གོ་ཆོད་པ་ཡིན།
དེ་ལ་ངེད་ཅག་གི་རྩ་དོན་ནི་སྤྱིར་ཀྲུང་དབྱང་གི་དགོངས་དོན་དང་མ་འགལ་ན། ས་གནས་སྲིད་གཞུང་གི་སྐྱོན་དང་མི་འདང་ས། སྤྱི་ཚོགས་ཀྱི་གནད་དོན་སོགས་ཅི་རིགས་རྒྱུ་མཚན་ཁུངས་ལུང་དང་བཅས་པར་དྲངས་དགོས་ཏེ། བརྗོད་བྱ་ལ་དཔེར་ན་སྤྱི་འབྲེལ་དྲ་རྒྱ་སྟེ་པོད་ཕྲན་ནམ་སྐད་འཕྲིན་སོགས་སུ་གླེང་གཞི་ཚ་ཤོས་སུ་གྱུར་པ། དགེ་བཅུའི་ཁྲིམས་དང་ཟི་ལིང་བོད་ཡིག་སློབ་གྲྭ ལྷ་གཞིས་མེ་འཁོར་སྤ་སེའི་བོད་ཡིག སྒོ་ཕྱུགས་ཀྱིས་གད་སྙིགས་ཟོས་ཏེ་གྱོང་གུད་ཕོག་ཚུལ་སོགས་མདོར་ན་ཀུན་གྱིས་དོ་ཁུར་བྱེད་ཅིང་རྒྱལ་ཁབ་ཀྱི་ཁྲིམས་དང་ཡང་མཐུན་ལ། རང་གི་ཁེ་ཕན་དངོས་ཡང་ཡིན་པ་ཐམས་ཅད་བརྗོད་གཞིར་བཟུང་ཆོག
དེང་སང་གཞུང་གི་བོད་ཡིག་སྨྱན་བྱད་ལས་ཚགས་དྲ་ཕལ་ཆེར་ཏང་གི་མགྲིན་ཚབ་ཡིན་ཞིང་། དེར་བཀོད་རྩོམ་ཡིག་ཕལ་ཆེར་འགྱུར་ཡིག་ཡིན་པའི་གནད་དོན་ཤིན་ཏུ་ཚབས་ཆེར་མངོན་ཏེ། ཐ་ན་བོད་རང་གི་གནས་ཚུལ་ཞིག་འགོད་པ་ཚུན་ཆད་ཀྱང་ཡི་གེ་གཞན་ནས་བསྒྱུར་གྱི་ཡོད་པ་འདིས་དོན་དུ་ཕ་རོལ་པོ་ཞིག་གི་ལྟ་སྟངས་སམ་འདུ་ཤེས་ལས་ང་ཚོ་རང་ཉིད་ཀྱི་སྐྱིད་སྡུག་བརྗོད་དུ་མེད་སྟབས། ལས་འདིར་ཞུགས་པ་ལ་རབ་ཡིན་ན་གསར་རྩོམ་ཐུབ་པ་ཞིག་ཡིན་དགོས། ཡིན་ཡང་གསར་འགྱུར་གྱི་ལས་རིགས་ཆེར་མ་རྒྱས་པའི་བདག་ཅག་གིས་རེ་ཞིག་གཞན་ལ་མིག་ལྟོས་ཀྱིས་ཕྱེད་རྩོམ་ཕྱེད་སྒྲིག་ལྟ་བུ་བྱས་ཀྱང་ཆོག་པ་ཡིན། ངེད་དྲ་བའི་མིག་དཔེར་ཡང་རྒྱའི་ནང་གི་ལྷོ་ཕྱོགས་གཟའ་མཇུག་ཚགས་པར(南方周末)དང་། BBCདངCNNསོགས་ཅུང་ཚད་མར་རྩི་བའི་གསར་ལམ་ཚད་ལྡན་ཡིན་པས་བོད་ཡིག་གི་ལམ་ནས་རྩོམ་སྒྱུར་བྱེད་དུས་ཀྱང་རེ་བ་མཐོན་པོ་ཡོད་དེ། རྩོམ་གྱི་མགོ་རྔ་སྒྲིག་སྟངས་དང་ཚིག་སྦྱོར་སྡེབ་ལུགས། ཡུལ་སྐད་སྤྱོད་ཚུལ་སོགས་གང་ཐད་ནས་དང་དོད་ཆེན་པོ་དགོས་པ་སོགས་ཀྱི་བརྩི་བྱ་ཞིབ་ཕྲ་འབྲེལ་བ་གནང་རྗེས་གཅིག་གཅིག་ལབ་ཆོག
སྤྱིར་གསར་ལམ་གྱི་ལས་འདིར་དགའ་བ་གཞིར་བཞག་པའི་ཡང་ལས་འདིར་དཀའ་ལས་བརྒྱབ་པའི་དཀའ་ཆང་ནི་ཡོད་དང་ཡོད། རྩོམ་གྱི་དོན་དང་ཚིག་སོགས་སྤྱིའི་ལེགས་ཉེས་ཀྱི་དབྱེ་བ་བཞིན་རིམ་པར་བོད་ཡིག་ཡིག་འབྲུ ༡༠༠༠ སྟོང་གཅིག་ལ་ཤོག་སྒོར ༡༥༠ ནས ༢༠༠ བར་གྱི་གླ་ཆ་ཡོད་པར་མ་ཟད། ཆེད་ལེའུ་རྩོམ་མཁན་གདན་འདྲེན་ཞུ་འཆར་ལ་གླ་ཆ་དེ་བས་མཐོ་ཞིང་། གཉིས་ཀ་ཡུན་རིང་བའི་མཉམ་ལས་ཀྱི་འབྲེལ་བའང་འཛུགས་འཆར་ཡིན། དེས་སྤྱིར་བཏང་ཉིན་རེར་ཆུ་ཚོད་འགའ་རེར་ལས་ཀ་བྱས་པས་ཀྱང་ཟླ་གཅིག་ལ་སྒོར་སྟོང་ཕྲག་གསུམ་ཙམ་རེར་སེམས་ཁྲལ་མི་དགོས་པ་ཆགས་ཡོད།
བརྒྱ་བཤད་ཚིག་གི་རྩ་བར། ཁྱེད་ལས་རིགས་འདིར་མོས་པ་ཆེ་ཞིང་འཇོན་ཐང་ལྡན་ན་ངེད་ཅག་གིས་བོད་ཡིག་གི་སྨྱན་བྱད་ལས་རིགས་ལ་ནམ་མཁའ་ཡངས་པོ་ཞིག་ཕྱེ་ཐུབ་པར་ཐེ་ཚོམ་མེད་དོ། །
གཞན་མི་རྟོགས་སའམ་དྲི་བ་ཅི་རིགས་ཡོད་ཁ་པར་དྲ་བའི་འབྲེལ་ལམ་ལྟར་འབྲེལ་བ་གནང་རོགས་ཞུ།