ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས།

2015-08-21
    ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུས་མིང་འགོད་རྒྱུ)པར་འགྲེམས་བྱས་ནས་མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། 《གཏན་འབེབས》ནང་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་གསལ་པོ་བཟོས་པ་དང་2020ལོར་སླེབས་སྐབས་མི་རིགས་ས་ཁུལ་གྱི་སློབ་གསོའི་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་དང་སྟོན་རྟགས་གཙོ་བོ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་གཅིག་མཚུངས་སམ་ཡང་ན་དེར་སླེབས་པ་བྱས་ནས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་དོ་སྙོམས་ཅན་རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ཐོག་མི་རིགས་ས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་ཞབས་ཞུ་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་དགོས་ཞེས་བསྟན་པ་རེད།
   《གཏན་འབེབས》ནང་མི་རིགས་ཀྱི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་འགངས་ཆེན་ཡིན་པས་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་ཆེན་པོ་ཡོང་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཡོངས་མི་རིགས་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་མི་རིགས་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སློབ་གསོའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ། སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། དགེ་རྒན་དཔུང་ཁག་གི་བྱང་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། སྐད་གཉིས་སློབ་གསོར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་བ། སློབ་གསོའི་སློབ་ཁྲིད་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བཅས་བྱས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་རྒྱུས་དང་རང་བྱུང་སོགས་ཀྱིས་རྐྱེན་པས་མི་རིགས་སློབ་གསོའི་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་ཆེ་ཙམ་ཡོད་པས་ངེས་པར་དུ་མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་འཇོག་དགོས་ཞེས་བསྟན་ཡོད་པ་རེད།
   《གཏན་འབེབས》ནང་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀུན་སྤྱོད་བཟང་བའི་མི་ཞིག་བྱ་རྒྱུ་རྩ་བར་བྱེད་པ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་ཞབས་ཞུ་དང་དམངས་སེམས་གཅིག་ཏུ་སྒྲིལ་རྒྱུ་ཁྲིད་སྟོན་དུ་བྱས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་སློབ་གསོ་ཐོབ་པའི་ཁེ་དབང་འགན་ལེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་བྱང་ཚད་གོང་མཐོར་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། གཅིག་ནས་མི་རིགས་ཁག་གི་དགེ་སློབ་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱས་ཏེ་སློབ་གསོའི་འདྲེན་རྟེན་དང་བྱ་ཐབས་གསར་གཏོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་སློབ་གསོའི་རྒྱུན་རྣམ་ཅན་ལམ་སྲོལ་འཛུགས་པ། མི་རིགས་ཁག་གི་སློབ་མའི་དབར་སྤེལ་རེས་དང་། འབྲེལ་གཏུག མཉམ་བསྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་རིག་གནས་མཉམ་བསྲེས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་རིམ་ཁག་དང་རིགས་ཁག་གི་སློབ་གསོའི་སློབ་གཉེར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཤིང་། སློབ་ཞུགས་གོང་གི་སློབ་གསོ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་དང་། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ། འབྲིང་རིམ་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། མཐོ་རིམ་སློབ་གསོའི་བཀོད་པ་དང་གྲུབ་ཆ་ལེགས་སུ་གཏོང་བ། རྒྱུན་མཐུད་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ། དམིགས་བསལ་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བཅས་བྱེད་དགོས་པ། གསུམ་ནས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཤིང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གཞི་ཁྱོན་གོ་རིམ་ལྡན་པའི་ངང་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་དང་ནང་སའི་མི་རིགས་འཛིན་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ནང་སའི་མི་རིགས་འཛིན་གྲྭའི་སློབ་གསོ་དོ་དམ་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱིར་བཏང་མཐོ་སློབ་དང་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་མི་རིགས་སློབ་གསོའི་ཉམས་ཞན་ལྷུ་ཚིགས་འཛུགས་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས་ཤིང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་དུ་གཏོང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། སྐད་གཉིས་སློབ་གསོར་ཚན་རིག་དང་མཐུན་པ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། ལྔ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། དགེ་རྒན་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གསོ་སྦྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགེ་རྒན་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བཅས་བྱས་ནས་དགེ་རྒན་གྱི་བསམ་བློ་ཆབ་སྲིད་བྱང་ཚད་དང་། དགེ་རྒན་གྱི་ཀུན་སྤྱོད་ཆུ་ཚད་དང་ནུས་པའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ། དྲུག་ནས་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཆ་རྐྱེན་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཤིང་། འགྲོ་གྲོན་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་མི་རིགས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། སློབ་མར་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་ཆ་འཕྲིན་ཅན་དུ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། བདུན་ནས་མི་རིགས་སློབ་གསོའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཤིང་། ས་གནས་ཀྱི་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་གི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཁ་གཏད་རོགས་སྐྱོར་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཐོག་མི་རིགས་སློབ་གསོ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས་པ་བཅས་བསྟན་པ་རེད།
འབྲེལ་ཡོད་རྩོམ་ཡིག