ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཛེས་སྡུག་ལྡན་པའི་ས་མཐོས་སྐུ་མགྲོན་བསུས།

2018-05-21 སངས་སྐྱབས་ཀྱིས་བསྒྲིགས།
—— ཡུག་རེན་གྱི་འཐུས་མི་ཚོགས་པས་བོད་དུ་ལྟ་སྐོར་དང་འཚམས་འདྲི་བྱས་པའི་སྐོར་གྱི་ཟུར་བྲིས།
             ཟླ་5ཚེས་18ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཕྲུ་གུ་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོས་དམིགས་བསལ་སློབ་གསོའི་སློབ་གྲྭར“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དབང་པོ་སྐྱོན་ཅན་གཅིག་ཀྱང་ལུས་མི་རུང”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་སྐྱོར་ཉིན་མོ་བསུས་ཤིང་། འདི་ནི་རྣ་ཤེས་ཉམས་པའི་ཕྲུ་གུ་ཚོས་གར་སྟེགས་འོག་གི་དགེ་རྒན་གྱི་ལག་བརྡར་གཞིགས་ནས《ཨར་ག་གཅོག་པ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
             རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གདན་ཞུས་ལྟར། ཟླ་5ཚེས་14ནས་19ཉིན་བར་ཡུག་རེན་གྲོས་ཚོགས་ཀྱི་རིག་གནས་དང་བསམ་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཨང་དང་པོ་ཡེ་ལེན་སི་ཅི·ཝུའེ་ཁོ་ཐུའོ་འར་གྱིས་སྣེ་འཁྲིད་པའི་ཡུག་རེན་གྱི་འཐུས་མི་ཚོགས་པ་རང་ལྗོངས་སུ་ལྟ་སྐོར་དང་འཚམས་འདྲིར་ཡོང་ཞིང་། གཙང་ལ་གྲལ་འགྲིག་པའི་ཁྲོམ་གཞུང་དང་། རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་ཐང་ཆེན། བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བའི་མི་རྣམས་བཅས་ལས་ཡུག་རེན་གྱི་འཐུས་མི་ཚོགས་ཡིད་དབང་འཕྲོག་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་། མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ། སྣོད་བཅུད་ཁོར་ཡུག་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་མྱོང་ཚོར་ཐུབ་ཡོད།
             ལྷ་སར་ཡུག་རེན་གྱི་འཐུས་མི་ཚོགས་པས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་དུ་ལྟ་སྐོར་བྱས་ནས་བོད་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་དང་ཕོ་བྲང་པོ་ཏ་ལ་ཉམས་གསོ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཆོས་ལུགས་འཆམ་མཐུན། བསྟན་དོན་ལམ་ལྷོངས་བཅས་ཀྱི་རྣམ་པ་བཟང་པོ་ཚོར་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཡུག་རེན་གྱི་འཐུས་མི་ཚོགས་པས་སྨྱན་སྦྱོར་གསར་པའི་ཐབ་ཚང་ཨ་མ་དང་བོད་རྒྱ་བཅར་འདྲི་དང་རྩོམ་སྒྲིག་ལྟེ་གནས་སུ་བཅར་འདྲི་བྱས་ཏེ་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་སྲོལ་རྒྱུན་གྱི་སྨྱན་སྦྱོར་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་གསར་དར་སྨྱན་སྦྱོར་བརྒྱུད་སྤེལ་བྱེད་མྱུར་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་འཐུས་མི་ཚོགས་པས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་དང་རང་ལྗོངས་ཀྱི་སྨན་བཅོས་སྲིད་ཇུས་དང་དེ་བཞིན་སྨན་བཅོས་འགན་ལེན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
             བོད་ལྗོངས་སློབ་ཆེན་དུ་འཐུས་མི་ཚོགས་པས་བོད་ཡིག་དཔེ་རྙིང་ཉར་ཚགས་ཁང་དང་སྒྱུ་རྩལ་སློབ་གླིང་གི་ཐང་གའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་དང་སློབ་མས་འཁྲབ་པའི་མི་རིགས་ཀྱི་ཞབས་བྲོར་བལྟས་པ་རེད། ཡུག་རེན་གྱི་ཆབ་སྲིད་དང་རིགས་པའི་གཞུང་ལུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། གྲགས་ཅན་གློག་བརྙན་བཟོ་མཁན་པེ་པི་ཁེ·ཝ་ལེ་ལི་ཡིས“བོད་ལྟར་མི་རིགས་མང་བའི་ས་ཁུལ་དུ་བོད་ལྗོངས་སློབ་ཆེན་ལྟ་བུའི་མི་རིགས་མང་པོའི་རིག་གནས་འདུས་པའི་སློབ་ཆེན་ཞིག་ཡོད་པ་ནི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད”ཅེས་བཤད།
             ཆུ་ཤུར་རྫོང་ཚལ་སྣེ་ཤང་ས་གཙང་ཐོན་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དུ་ཡུག་རེན་གྱི་འཐུས་མི་ཚོགས་པས་ས་གཙང་ཐོན་རྫས་ལ་བསྔགས་བརྗོད་ཟམ་མི་ཆད་པ་བྱེད་བཞིན་ཞིང་ལས་དང་ཡུལ་སྐོར་ལས་རིགས་ཕན་ཚུན་ཟུང་འབྲེལ་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་འཕེལ་རྒྱས་གཏོང་སྟངས་དེར་ཡུག་རེན་གྱིས་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། འཐུས་མི་ཚོགས་པས་ད་དུང་དུས་བཞི་བཀྲ་ཤིས་གྲོང་ཚོར་ཡོང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཞིང་ཕན་དམངས་ཕན་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
             ཉིང་ཁྲིའི་བྲག་གསུམ་མཚོར་ཡུག་རེན་རིག་གནས་པུའུ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཡིའུ་ལ་ཧྲེ·ཨན་ཏེ་ལེ་དབྱི་ཡིས་སྔོ་ཞིང་དྭངས་བའི་མཚོ་ལ་བལྟ་བཞིན“ལམ་བར་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་ཀྱི་ནང་དོན་ཞིབ་ཕྲ་མྱོང་ཚོར་ཐུབ་བྱུང་ལ་དར་རྒྱས་འགྲོ་བཞིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མྱུར་བགྲོད་གཞུང་ལམ་ཡང་མཐོང་བྱུང་། ད་ཆ་བོད་ཀྱི་མི་དམངས་ཚོ་བདེ་སྐྱིད་ལྡན་པ་ཞིག་འདུག”ཅེས་གསར་འགོད་པར་བཤད།
             འཐུས་མི་ཚོགས་པའི་ཁོངས་མི་ཚོས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་པད་མ་ཆོས་སྒྲོན་གྱི་ཁྱིམ་དུ་ཇ་བསྲུབ་མ་འཐུང་བ་དང་ཕྱུར་བ་ཟ་ཞོར་དུ་ཇི་ལྟར་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། གསེར་སྐྱེམས་ལའི་རི་ལམ་ཀྱག་ཀྱོག་ཇི་ལྟར་བསྐྲུན་པ། ཡུལ་སྐོར་ཡོང་འབབ་ཇི་འདྲ་ཡོད་པ་སོགས་ཀྱི་སྐོར་བཅར་འདྲི་བྱས་པ་རེད། ཁོང་ཚོ་ནང་མི་ཚོས་སྲིད་ཇུས་ཀྱི་རོགས་སྐྱོར་དང་སྐྱེད་གསབ་དངུལ་བུན་སོགས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ལོ་ལྟར་ཡོང་འབབ་སྒོར་ཁྲི་30ཙམ་ཡོང་གི་ཡོད་པ་ཤེས་སྐབས་འཐུས་མི་ཚོགས་པའི་ཁོང་མི་ས་ཀན·ཨ་ལེ་ཁེ་བཟང་ཏེའར་གྱིས“སྲིད་གཞུང་གིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་དེ་ལྟ་བུ་བྱས་པ་དང་རྒྱལ་ཁབ་ཀྱིས་ཐོན་ལས་ཤིག་ལ་རྒྱབ་སྐྱོར་བྱེད་པ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་པས་ང་ཧང་སངས་བྱུང་། དེ་ནི་ཡུག་རེན་དུ་བསམ་ཚོད་བྱེད་མི་ཕོད་པ་ཞིག་རེད”ཅེས་བཤད།
             བོད་དུ་སྡོད་རིང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡུག་རེན་གྱི་འཐུས་མི་ཚོགས་པར་བོད་གསར་རྙིང་བསྡུར་བ་ནི་བོད་ལ་ལྟ་ཞིབ་དང་ཤེས་རྟོགས་བྱེད་པའི་ཟུར་ཚད་གལ་ཆེན་ཞིག་རེད། བོད་རྙིང་པ་ཤེས་རྟོགས་ཐུབ་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་རྟོགས་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་བཅས་ལས་བྱུང་བ་ཞིག་ཡིན་པས་བོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ནང་བོད་ཀྱི་མི་དམངས་ཚང་མ་མཉམ་དུ་འདུས་པ་དང་བོད་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་ཤོས་གཅིག་ཏུ་འདུས་ཡོད་ཅེས་ངོ་སྤྲོད་གནང་བ་རེད། བཞུགས་མོལ་ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་དང་། འཕེལ་སྒྱུར། རིག་གནས། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར། དབུལ་སྐྱོར་སོགས་སྡེ་ཚན་གྱིས་འཐུས་མི་ཚོགས་པར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ད་དུང་འཐུས་མི་ཚོགས་པས་བཏོན་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོང་སོགས་དོ་ཁུར་བྱེད་པའི་གནད་དོན་ལ་ཕན་ཚུན་སྤེལ་རེས་བྱས་པ་རེད།
             ཁ་གྱེས་ཁར་ཡུག་རེན་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཡེ་ལེན་སི་ཅི·ཝེ་ཁོ་ཐའོ་འར་གྱིས་གསར་འགོད་པར“ཡུག་རེན་ནི་ཞི་བདེ་ལ་ཤིན་ཏུ་དགའ་བའི་རྒྱལ་ཁབ་ཅིག་རེད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་འཇོག་བྱ་རྒྱུ་ཡིན་ལ་བོད་ནི་ཀྲུང་གོའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་མཐའ་འཁྱོངས་བྱ་རྒྱུ་ཡིན། བོད་ཀྱི་རིག་གནས་དང་། སློབ་གསོ། དམངས་འཚོ་དང་དེ་བཞིན་སྨྱན་སྦྱོར་བཅས་ལ་འཕེལ་རྒྱས་ཆེན་པོ་དེ་ལྟ་བུ་བྱུང་བར་ང་ཧང་སངས་བྱུང་། བོད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ཀྱིས་ང་ལ་བག་ཆགས་ཟབ་མོ་བྱུང་། ང་དང་འཐུས་མི་ཚོགས་པའི་སྨྱན་སྦྱོར་ཚན་པའི་ལས་རོགས་ཚོ་རང་རྒྱལ་དུ་ལོག་རྗེས་ཡུག་རེན་གྱི་རྒྱ་ཆེའི་མང་ཚོགས་ཚོར་མཛེས་སྡུག་ལྡན་པའི་བོད་ལྗོངས་ངོ་སྤྲོད་བྱ་རྒྱུ་ཡིན། ངས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ནམ་ཡང་གནས་ཐུབ་པ་དང་ཀྲུང་གོ་དང་ཡུག་རེན་དང་ཀྲུང་གོའི་བོད་ལྗོངས་དང་ཡུག་རེན་དབར་ཁྱབ་ཁོངས་ཁག་ཏུ་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་རྩོམ་ཡིག