ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ནུས་ཤུགས་ཡོད་རྒུས་“ལྗང་མདོག་གཏེར་རི་”བསྐྲུན།

2018-06-15 བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་12ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ནུས་ཤུགས་ཡོད་རྒུས་“ལྗང་མདོག་གཏེར་རི་”བསྐྲུན་བཞིན་ཡོད། མིག་སྔར། གཏེར་ཁུལ་གྱི་སྣོད་བཅུད་སླར་གསོའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ།
           རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ་2018ལོའི་ཟླ་4པའི་ཚེས་12ཉིན། མལ་གྲོ་གུང་དཀར་རྫོང་གིས་ཁྱོན་ཡོངས་ནས་སྐྱེ་ཁམས་ཉམས་གསོ་དང་སྐྱེ་དངོས་བསྐྱར་གསོའི་ལས་དོན་སྤེལ་འགོ་ཚུགས་ཚུན། མལ་གྲོ་གུང་དཀར་རྫོང་གིས་གཏེར་ཁུལ་གྱི་སྐྱེ་དངོས་སླར་གསོ་གཙོ་གནད་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུར་དམིགས་ནས། ཁེ་ལས་དང་འབྲེལ་གཏུག་གང་ལེགས་བྱས། གཏེར་ཁའི་ཁེ་ལས་སྡེ་ཚན་ཁག་གིས་འོས་འགན་གཙོ་བོ་ཁུར་ཏེ། འགག་སྒྲོལ་དཀའ་སེལ་གྱི་ལས་ཀའི་རྣམ་འགྱུར་ལེགས་པོ་བཟུང་ནས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད། ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
མལ་གྲོ་གུང་དཀར་རྫོང་གིས་སྐྱེ་ཁམས་ཉམས་གསོ་དང་སྐྱེ་དངོས་བསྐྱར་གསོའི་ལས་དོན་སྤེལ་འགོ་ཚུགས་པའི་ཡུལ་དངོས། གཏེར་ཁུལ་གྱི་བཟོ་པས་སྡོང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ།
           ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་པས་བཏོན་པའི་དག་ཐེར་ལས་དོན་གྱི་གནད་དོན་དམ་འཛིན་ཏན་ཏིག་བྱ་ཆེད། ཁེ་ལས་ཀྱིས་ཁོར་ཡུག་གི་གནད་དོན་ཁག་དག་ཐེར་ཡོ་བསྲང་དང་འབྲུབ་འགོག་ལས་དོན་ལ་སྐུལ་འདེད་བཏང་། ཉེ་ཆར་ལྷ་ས་གྲོང་ཁྱེར་དང་མལ་གྲོ་གུང་དཀར་རྫོང་རིམ་པ་གཉིས་ཀྱི་ནགས་ལས་སྡེ་ཚན་ཀྱིས་གྲུབ་པའི་དག་ཐེར་ལེགས་བཅོས་ལས་ཀར་ལྟ་སྐུལ་སློབ་སྟོན་ཚོ་ཆུང་སྔ་རྗེས་སུ། མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་དང་ཐང་སྐྱ་ཤང་དུ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་། ཐེན་རེན་གཏེར་ཁུལ་གྱི་སྣོད་བཅུད་སླར་གསོ་བྱས་པའི་གནས་ཚུལ་དང་འབྲུབ་འགོག་ལས་དོན་དོན་འཁྱོལ་བྱས་པའི་གནས་ཚུལ། ཅིན་ཧི་གཏེར་ཁའི་བཟོ་གྲྭ་ལས་བཤིག་གི་མྱུར་ཚད་བཅས་ལ་སྐུལ་འདེད་ཞིབ་བཤེར་བྱས།
           ས་གནས་ཁག་གི་ཡུལ་དངོས་སུ་ངོ་སྤྲོད་བྱས་པར་གཞིགས་ན། ཐེན་རེན་གཏེར་ཁུལ་གྱི་སྣོད་བཅུད་སླར་གསོའི་ལས་དོན་སྤེལ་ཚུལ་ཅུང་ལེགས། བགྲོད་ལམ་སྤྱི་ལེ་4.1ཙམ་གྱི་སྣོད་བཅུད་སླར་གསོའི་ལས་དོན་ལེགས་གྲུབ་ཟིན་པ་དང་། ལམ་རྒྱུད་དུ་སྟར་བུ་རྐང་ཁྲི་6ལྷག་འདེབས་འཛུགས་བྱས། ལས་བཟོ་པས་འདམ་ཤུན་བཀོག་ནས་རྩྭ་སོན་འདེབས་པ་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད། དུས་མཚུངས་སུ་འབྲུབ་དུས་ཀྱི་བདེ་འཇགས་ཆེད་མངོན་མེད་རྐྱེན་ངན་གནས་པའི་གཙོ་གནད་ས་ཁོངས་སུ་བདེ་སྲུང་བྱེད་ཐབས་སྤྱད། ཅིན་ཧི་གཏེར་ལས་ཀྱིས་ཨར་ལས་ཚན་པར་རྒྱུ་ཆ་གྲ་སྒྲིག་བྱས་ཟིན་པ་དང་། ཟླ་6ཚེས་12ཉིན་ལས་གནས་སུ་ཆུ་འགོག་སྒྲིག་ཆས་འཛུགས་པ་སོགས་འཛུགས་སྐྲུན་གྱི་ལས་དོན་སྒྲུབ།
བཟོ་པས་གཏེར་ཁུལ་གྱི་ཁོར་ཡུག་དག་ཐེར་ལས་ཀ་བྱེད་བཞིན་པ། པར་རིས་ཡོང་ཁུངས། ལྷ་ས་གྲོང་ཁྱེར་ནགས་ལས་ཅུད།
           རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མལ་གྲོ་གུང་དཀར་རྫོང་གིས་སྔ་རྗེས་སུ་སྣོད་བཅུད་རིགས་ཁག་ལ་མ་དངུལ་སྒོར་དུང་ཕྱུར་1.36བཏང་། ཁེ་ལས་ཁག་གིས་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་24.49གཏོང་བར་སྐུལ་འདེད་བཏང་། ཆེས་ཐོག་མར་བོད་ལྗོངས་ཀྱི་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་གསར་འཛུགས་དང་། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་འགྲིག་ངང་གོང་དུ་འཕེལ་བ་མངོན་འགྱུར་བྱུང་།
འབྲེལ་ཡོད་རྩོམ་ཡིག