ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལུགས་གསོ་རིག་གི་སློབ་མ་10ལ་ནད་ཐོག་གསོ་རིག་གི་རབ་འབྱམས་པའི་སློབ་གནས་ཐོག་མར་སྤྲད་པ།

2018-06-19 བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་རབ་འབྱམས་པའི་སློབ་ཐོན་སློབ་མས་སློབ་མཐར་བདེ་བླག་བྱུང་བར་རྟེན་འབྲེལ་ཞུ་བཞིན་པ།
               ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་གསོ་རིག་སློབ་གླིང་གིས་གསོ་སྐྱོང་བྱས་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་30མིག་སྔར་དཔྱད་རྩོམ་རྩོད་ལན་ལེགས་གྲུབ་བྱུང་ནས་སློབ་མཐར་ཕྱིན་པའི་ཁྲོད་ཆེད་ལས་དེའི་སློབ་གནས་ཀྱི་ཞིབ་འཇུག་སློབ་མ་10ལ་ནད་ཐོག་གསོ་རིག་གི་རབ་འབྱམས་པའི་སློབ་གནས་ཐོག་མར་སྤྲད་པ་དང་། རིག་གཞུང་རྣམ་པའི་ཞིབ་འཇུག་སློབ་མ་20ལ་གསོ་རིག་གི་རབ་འབྱམས་པའི་སློབ་གནས་སྤྲད་པ་རེད།
               བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ཞིབ་འཇུག་སློབ་མ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ནོར་བུ་དོན་གྲུབ་ཀྱིས། ཆེད་ལས་སློབ་གནས་ཀྱི་ནད་ཐོག་གསོ་རིག་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་སྟངས་དང་རིག་གཞུང་རྣམ་པའི་ཞིབ་འཇུག་སློབ་མའི་དབར་ཁྱད་པར་ཆེན་པོ་ཡོད། ཆེད་ལས་སློབ་གནས་ཀྱི་རབ་འབྱམས་པས་རིགས་པའི་གཞུང་ལུགས་སྦྱོང་དགོས་པ་ཕུད། ད་དུང་ནད་ཐོག་གི་ངོས་བཟུང་དཀའ་བའི་ནད་གཞི་སྨན་བཅོས་ཀྱི་ལག་རྩལ་ཟླ་33སྦྱོང་དགོས་ཀྱི་ཡོད། དེ་དང་ཆབས་ཅིག་སློབ་མར་སློབ་ཐོན་ལག་ཁྱེར་དང་། སློབ་གནས་ལག་ཁྱེར། སྨན་པ་དཀའ་བཅུ་པའི་འོས་ཐོབ་ལག་ཁྱེར། ནད་སྡོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་གསོ་སྦྱོང་གི་ཚད་ལོན་ལག་ཁྱེར་བཅས་རག་རྗེས་གཞི་ནས་སློབ་ཐོན་ཆོག་པ་དང་། སློབ་མཐར་ཕྱིན་རྗེས་ཐད་ཀར་ལས་གནས་ཐོག་ཞུགས་ནས་སྨན་བཅོས་བྱེད་ཆོག་ཅེས་ངོ་སྤྲོད་བྱས།
               བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནི་སློབ་གསོ་པུས་ཆོག་མཆན་གནང་བའི་རྒྱལ་ཡོངས་ཀྱི་དམིགས་སུ་བཀོད་སྒྲིག་བྱས་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གླིང་འབའ་ཞིག་དེ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་མཉམ་བཙུགས་བྱས་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་དེས་1999ལོར་རབ་འབྱམས་པའི་སློབ་མ་བསྡུ་འགོ་བརྩམས་པ་ནས་ད་བར་བོད་ལུགས་གསོ་རིག་གི་རབ་འབྱམས་པ་242གསོ་སྐྱོང་བྱས་ཡོད་པ་རེད།
               མི་རིང་བར་ལས་གནས་ཐོག་བསྐྱོད་རྒྱུའི་སློབ་ཐོན་སློབ་མར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་རབ་འབྱམས་སློབ་མའི་སློབ་དཔོན་དབྱངས་དགས་རེ་བ་ཟབ་མོ་བཅོལ་ཞིང་། ཁོང་གིས“ཁྱེད་ཚོས་མུ་མཐུད་སློབ་ལ་སྦྱངས་པ་དང་གསོ་རིག་གི་གཞུང་ལ་འབད་པ་བྱས་ནས་གནའ་བོའི་བོད་ཀྱི་གསོ་བ་རིག་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་རྒྱུའི་རེ་བ་ཡོད། ད་ཆ་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་དཔེ་མི་སྲིད་པའི་ཡག་པོ་རེད། སློབ་མ་ཚོས་ངེས་པར་དུ་དུས་ཚོད་དང་གོ་སྐབས་ལ་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།
               བོད་ལུགས་གསོ་རིག་ནི་རང་རྒྱལ་གསོ་རིག་བང་མཛོད་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་ནོར་བུ་ཞིག་ཡིན་པ་དང་། གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་རང་བྱུང་དང་ནད་ཡམས་སྣ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་གྲུབ་པའི་དམིགས་བསལ་གྱི་གསོ་རིག་མ་ལག་ཅིག་རེད། བོད་ལུགས་གསོ་རིག་ལ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ། ནད་བརྟག་སྨན་བཅོས་དམིགས་བསལ་ཆེ་བ་བཅས་ཀྱི་དགེ་མཚན་ལྡན་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག