ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་དགེ་རྒན་ཁོང་ལ་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ།

2018-09-17 ཚེ་རིང་གིས་བསྒྲིགས།
          ཟླ་༩ཚེས་༡༠ཉིན་གྱི་དགོང་མོ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་སློབ་གསོ་པུའུ་ཡིས་ཐུན་མོང་གིས་གཉེར་པའི་༢༠༡༨ལོའི་དགེ་རྒན་ཡག་ཤོས་འཚོལ་བ་ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེ་རིགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་CCTV-1དང་། ཚན་རིག་སློབ་གསོའི་འཕྲིན་ལམ་ CCTV-10ཐོག་བསྟན་པ་དང་། ༢༠༡༨ལོའི་དགེ་རྒན་ཡག་ཤོས་ཀྱི་མིང་ཐོ་ཡང་ཉིན་དེའི་དགོང་མོ་བཏོན་པ་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་འོས་སྦྱོར་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གསང་གླིང་ཤང་མདོ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ཚེ་རིང་བསོད་ནམས་ལ་༢༠༡༨ལོའི་དགེ་རྒན་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཅིང་། རང་ལྗོངས་ཀྱི་མཚན་སྙན་ཁྱད་པར་ཅན་ཐོབ་པའི་དགེ་རྒན་གཅིག་པུ་དེར་གྱུར་བ་རེད།
          ཤེས་རྟོགས་བྱུང་བར་ལྟར་ན། དགེ་རྒན་ཡག་ཤོས་འཚོལ་བ་ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེ་རིགས་སུ། ལོ་རེར་དགེ་རྒན་ཡག་ཤོས་༡༠དཔྱད་བསྡུར་འདེམས་བསྐོ་བྱེད་ཀྱིན་ཡོད་ལ། ད་ལོ་རྒྱལ་ཡོངས་སུ་ཁྱོན་དགེ་རྒན་༨༥དགེ་རྒན་ཡག་ཤོས་ཀྱི་མཐའ་མཇུག་འདེམས་བསྐོ་རུ་ཚུད། ཟླ་༧པར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཚན་རིག་སློབ་གསོའི་འཕྲིན་ལམ་ (CCTV-10)༢༠༡༨ལོའི་དགེ་རྒན་ཡག་ཤོས་འཚོལ་བའི་ལེ་ཚན་པར་རྒྱག་ཚོགས་ཆུང་བོད་དུ་བཅར་འདྲི་པར་ལེན་བྱེད་དུ་སོང་བ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པས་བཤད་པ་བཞིན། ཁོ་ཚོས་ས་ཁྲ་མཛེས་ཤོས་ཐོག་ནས་དགེ་རྒན་ཡག་ཤོས་དེ་རྙེད་པ་ཡིན།
པར་འདི་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་འདོན་སྤྲོད་བྱས།
          མདོ་ཡུལ་ལྷོ་པ་མི་རིགས་ཤང་ནི་རང་རྒྱལ་གྱི་མཐའ་མཚམས་ཤང་ཞིག་ཡིན་ཞིང་། གནས་དེར་དཔལ་འབྱོར་གྱི་ཆུ་ཚད་ཞན་ལ་མི་འབོར་ཡང་ཧ་ཅང་ཉུང་ཉུང་ཡིན་པས། ཤང་ཡོངས་ལ་ཆ་ཚང་སློབ་ཆུང་ཞིག་གཟུགས་ཐབས་མེད་པར། སློབ་མ་༣༠ལྷག་གིས་སློབ་ཁྲིད་ས་ཚིགས་ཤིག་བཙུགས་ཡོད། ༢༠༡༢ལོའི་ཟླ་༣པར། ཚེ་རིང་བསོད་ནམས་ལྷུན་རྩེ་རྫོང་གསང་གླིང་ཤང་སློབ་ཆུང་གི་དགེ་རྒན་བྱས་ཤིང་། ཁོང་གིས་གསང་གླིང་ཤང་སློབ་ཆུང་གི་ཁོངས་གཏོགས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སློབ་ཁྲིད་ས་ཚིགས་ཆ་རྐྱེན་ཞན་པའི་རྐྱེན་གྱིས་དགེ་རྒན་ཕལ་ཆེ་བ་དེ་གར་འགྲོ་འདོད་མེད་པ་ཤེས་རྗེས། རང་འགུལ་གྱིས་དེ་གར་སློབ་ཁྲིད་བྱེད་པར་འགྲོ་རྒྱུའི་རེ་བ་ཞུས་པ་རེད། མ་གཞི་ཐོག་མའི་འཆར་གཞི་ལྟར་ན་ཁོ་རང་གནས་དེར་ལོ་གཅིག་ལས་འདུག་དགོས་ཀྱི་མེད་རུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་རང་གནས་དེར་དགེ་རྒན་བྱས་ནས་ལོ་དྲུག་བསྡད་པ་རེད།
          ཚེ་རིང་བསོད་ནམས་༡༩༩༥ལོར་ལས་ཀར་ཞུགས་པ་ནས་བཟུང་། ས་ཆ་གང་སར་བཏང་རུང་། འཁང་ར་དང་བློ་འགྱོད་ཅི་ཡང་མེད་པར་གྲོང་གསེབ་སློབ་གསོའི་ལས་གནས་བརྟན་སྲུང་དང་། མདོ་ཡུལ་ཤང་གི་སློབ་མ་༣༤ཀྱི་ཆེད་དུ་གནས་འདིར་ཡོང་ནས་སློབ་ཁྲིད་ས་ཚིགས་དེའི་དགེ་རྒན་ངོ་མར་གྱུར་བ་རེད། ཁོ་རང་སླེབས་པ་ནས་བཟུང་རི་ལུང་དེ་ནས་དཔེ་དེབ་ཀློག་པའི་སྒྲ་ཐོག་མར་ཐོན། སློབ་ཁྲིད་ས་ཚིགས་དེ་རུ་སློབ་མ་ཚོས་བོད་ཡིག་དང་རྒྱ་ཡིག་སྦྱོང་ཆོག་ཀྱང་། ཚེ་རིང་བསོད་ནམས་ཀྱིས་ཡ་མཚན་པའི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་བ་ནི། ལྷོ་པ་རིགས་འདུས་སྡོད་བྱེད་སའི་གནས་འདིར། ལྷོ་པ་རིགས་ཀྱི་བྱིས་པ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ཤེས་ཀྱི་མེད་པ་དེས་ཚེ་རིང་བསོད་ནམས་ལ་སེམས་ཁྲལ་ཆེན་པོ་བྱུང་བ་རེད། དེ་སྔོན་མདོ་ཡུལ་ཤང་དུ་ལྷོ་པའི་སྐད་སློབ་མཁན་གྱི་དགེ་རྒན་མེད་པས་ཚེ་རིང་བསོད་ནམས་རང་ཉིད་ཀྱིས་ལྷོ་པའི་སྐད་བསླབ་རྒྱུའི་སེམས་ཐག་བཅད་པ་རེད། ཚེ་རིང་བསོད་ནམས་ཀྱིས་ངེས་པར་དུ་ངས་བསླབ་ཐུབ་པ་བྱེད་ཀྱི་ཡིན། དེ་ངའི་འགན་འཁྲི་རེད། དེ་ལས་ལྡོག་ཚེ་རིག་གནས་དེ་བརླག་འགྲོ་གི་རེད་ཅེས་བཤད་པ་རེད། དེ་ནས་བཟུང་ཁོ་རང་གིས་ཉིན་མོ་སློབ་ཁྲིད་བྱེད་པ་དང་མཚན་མོ་སློབ་མ་ཚོར་ལྟ་སྐྱོང་བྱས་ཏེ། སློབ་མ་ཚོ་གཉིད་ཁུག་རྗེས། ཁོ་རང་གིས་གློག་སྒྲོན་འོག་ཏུ་སྨྱུག་རྩེ་འཛིན་སྟངས་དང་སྐད་ཆ་ཚིག་གཅིག་རེ་ནས་འགོ་བཙུགས་ཏེ་སྦྱངས་པ་རེད། དགེ་རྒན་མེད་པར་དགེ་རྒན་དང་། བསླབ་གཞི་མེད་པར་སོ་སོས་ལག་པ་འགུལ་ནས་ཚིག་དུམ་དང་མིང་རྐྱང་༡༠༠༠ལྷག་ལག་བྲིས་བྱས་ཏེ་བསླབ་གཞི་བརྩམས་པ་སོགས་ཉིན་མཚན་དབྱེར་མེད་དུ་དཀའ་ངལ་ཁྱད་བསད་བྱེད་པ་ནི། བྱིས་པ་དེ་དག་གིས་རང་མི་རིགས་ཀྱི་སྐད་ཡིག་མི་བརླག་པའི་ཆེད་དུ་ཡིན། ཚེ་རིང་བསོད་ནམས་ཀྱི་ཁྱིམ་རྫོང་གྲོང་དུ་ཡོད་ཀྱང་ལོ་ཕྱེད་ནང་ཐེངས་གཅིག་ཀྱང་ལོག་ཐུབ་ཀྱི་མེད་པ་རེད།
          ཚེ་རིང་བསོད་ནམས་ཀྱིས་འབད་བརྩོན་འོག ལོ་གཅིག་གི་རྗེས། ལྷོ་པའི་སྐད་ཡིག་ཐོག་ནས་སློབ་ཚན་གསར་རྐྱང་ཞིག་ཁྲིད་འགོ་ཚུགས་པ་རེད། ༢༠༡༥ལོར། ལྷུན་རྩེ་རྫོང་སྲིད་གཞུང་གིས་བསོད་ནམས་ཚེ་རིང་གིས་བརྩམས་པའི་བསླབ་གཞི་རྨང་གཞིར་བྱས་ཐོག ཆེད་མངགས་ལྷོ་པ་མི་རིགས་ཀྱི་རྒྱུན་སྤྱོད་སྐད་ཆ་༣༠༠༠ལྷག་ཡོད་པའི་ལྷོ་བོད་རྒྱ་གསུམ་གྱི་ཤན་སྦྱར་སློབ་དེབ་ཅིག་པར་བསྐྲུན་བྱས་པ་དེ་སློབ་མ་ཚོའི་ཆེད་སྤྱོད་བསླབ་གཞིར་གྱུར་བ་རེད།
          ལོ་དྲུག་གི་ཡུན། བསོད་ནམས་ཚེ་རིང་གིས་མི་འབོར་༦༠༠ལས་མེད་པའི་ལུང་ཁུག་གྲོང་ཚོ་དེར། སློབ་ཁྲིད་ལོ་དྲུག་བྱས་ཏེ་སློབ་མ་༧༠ལྷག་ཙམ་རི་ཁུག་ནས་མུ་མཐུད་སློབ་གྲྭ་འགྲིམ་པའི་མཐུན་རྐྱེན་བསྐྲུན་ཡོད་པ་དང་། མདོ་ཡུལ་ལྷོ་པ་མི་རིགས་ཤང་དུ་ཚེ་རིང་བསོད་ནམས་ཡོད་པས་གནའ་བོའི་མི་རིགས་ཀྱི་རིག་གནས་དེ་མ་ཉམས་རྒྱུད་འཛིན་བྱེད་པའི་ལམ་དུ་སྐྱོད་ཐུབ།
འབྲེལ་ཡོད་རྩོམ་ཡིག