ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་སྣོད་བཅུད་ཡུལ་སྐོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ།

2018-09-18 སངས་སྐྱབས་ཀྱིས་བསྒྲིགས།
སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྐོར་གྱི་སྒྲིལ་གླེང་།
           ལོ་ལེགས་ཀྱི་དུས་སུ་གངས་ལྗོངས་ས་མཐོས་བློ་རྒྱ་ཆེན་པོས་ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་བ་ཞུས་ཤིང་། ཉེ་ཆར“རབ་མཛེས་བོད་ལྗོངས་གསར་པར་སྤྲོ་བས་རོལ། གོ་ལའི་སྣེ་མོ་གསུམ་པ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ལྷ་སར་གཉེར་བ་དང་། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་སུ་ལྷ་སར་ཚོགས་ར་གཙོ་བོ་དང་བོད་ལྗོངས་ཉིང་ཁྲིར་ཡན་ལག་ཚོགས་ར་བཙུགས་པའི་དམིགས་ཡུལ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་པ་དང་མཐོ་རིམ་ཡུལ་སྐོར་རིག་གནས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ལས་སྟེགས་ཤིག་གཏོད་ཆེད་ཡིན་པ་རེད།
           བོད་ལྗོངས་འགྲེམས་ཚོགས་ཀྱི“མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི”ཆེད་དོན་བློ་འདྲིའི་ཚོགས་འདུའི་ཐོག་ཁང་གཉིས་ཀྱི་ཡོན་ཧྲི་15དང་། འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད། རིགས་གཅིག་མཁས་ཅན། མཁས་དབང་བཅས་70ལྷག་ཙམ་གྱིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལ་མཉམ་དུ་གྲོས་བསྡུར་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད་པ་རེད།
           ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཐོག་ཚོང་འགུགས་མ་འདྲེན་གྱི་དོན་འཁྱོལ་རྣམ་གྲངས་ཀྱི་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ནས་གན་རྒྱའི་རྣམ་གྲངས་ཁག་108ལ་བདེ་བླག་ངང་མིང་རྟགས་བཀོད་པར་སོ་སོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་540.82ཟིན་པ་དང་། ཀྲུང་དབྱང་ཁེ་ལས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལ་བརྟེན་ནས་དབུལ་སྒྲོལ་ལ་རོགས་རམ་བྱེད་པའི་རྣམ་གྲངས་ལ་མིང་རྟགས་བཀོད་པར་སོ་སོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་169.64དང་སྒོར་དུང་ཕྱུར་182.54ཟིན་ཡོད་པ་རེད།
           ཐུན་མོང་མ་ཡིན་པའི་ས་ཁམས་དང་སྣོད་བཅུད་ལེགས་ཆར་བརྟེན་པས་བོད་ཀྱི“ས་མཐོའི་ཆུ་བཟང”ཐོན་ལས་དོ་ཁུར་ཆེན་པོ་བྱ་ཡུལ་དུ་གྱུར་གཤིས། བོད་ལྗོངས་འགྲེམས་ཚོགས་གོ་སྐབས་སུ་བྱས་ནས་རྒྱལ་ཡོངས་ས་གནས་ཁག་གི་གྲགས་ཅན་ཚོང་གཉེར་བ་དང་། འགྲོ་རྒྱུག་གི་རྐང་འཛིན་ཁེ་ལས་ཆེ་གྲས་གཅིག་མཇུག་གཉིས་མཐུད་ངང་བོད་ལ་བསྐྱོད་ནས་སྦྲེལ་མཐུད་གྲོས་མོལ་བྱས་ཏེ། བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཁེ་ལས་དང་སྦྲེལ་མཐུད་མཉམ་ལས་དམ་ཟབ་བྱས་པ་རེད། རང་བྱུང་འཐུང་ཆུའི་ཁེ་ལས་6གིས་ས་གནས་ས་ཐོག་ཏུ་རྒྱལ་ཡོངས་ས་གནས་ཁག་གི་ཚོང་གཉེར་བ་དང་ཏུན་ཁྲི་4.5ཟིན་པའི་རང་བྱུང་འཐུང་ཆུའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
           ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ལ་ཡན་ལག་ཚོགས་རའི་བྱེད་སྒོ་ཐེངས་དང་པོར་སྤེལ་བ་དང་ཉིང་ཁྲིའི་ཡན་ལག་ཚོགས་རས“ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་མཐའ་འཁོར‘རྒྱུད་གཅིག་ལམ་གཅིག’མཉམ་ལས་གླེང་སྟེགས”དང་། “ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས” “བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་གླེང་སྟེགས”བཅས་ཀྱི་སྒྲུབ་འགན་ཁུར་ཏེ་གཉེར་བ་རེད།
           “ཀྲུང་གོ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་ལས་ནེ་པ་ལར་ཕན་པ་མང་པོ་ཐོབ་པ་དང་། ནེ་པ་ལ་དང་ཀྲུང་གོས་ཁྱབ་ཁོངས་མང་པོར་མཉམ་ལས་བྱེད་མྱོང་ཡོད་ཅིང་། ཀྲུང་ནེའི་དབར་གྱི་འབྲེལ་བ་གནའ་སྔ་མོ་ནས་ཡོད། ཙུང་ལི་ཨའོ་ལིས་ཀྲུང་གོར་འཚམས་འདྲི་གནང་ནས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ང་ཚོས་ཀྲུང་ནེའི་འབྲེལ་བ་སྔར་བས་ལེགས་སུ་འགྲོ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གཞུང་ལམ་དང་། ལྕགས་ལམ། མི་སེར་གྱི་འགྲོ་སྐྱོད་བཅས་ཀྱི་ཐད་ཚད་གཞི་དེ་བས་མཐོ་བའི་མཉམ་ལས་བྱ་ཆོག”ཧི་མ་ལ་ཡའི་མཐའ་འཁོར“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ནེ་པ་ལའི་རྒྱལ་ཁབ་དངུལ་ཁང་དངུལ་རྩའི་སྒྲིག་གཞིའི་སྲིད་ཇུས་དོ་དམ་སིའི་ཀྲུའུ་རེན་སྐུ་ཞབས་པེ་མུའུ་ཡིས་བོད་ཀྱི་འཕེལ་རྒྱས་ལ་མྱོང་ཚོར་ཟབ་མོ་ཡོད།
           ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ཏེ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། རིམ་རྩིས་བྱས་ན་2017ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་380ཙམ་བྱུང་ཡོད། འདི་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་29.6%འཕར་ཡོད།
           “‘སའི་གོ་ལའི་སྣེ་མོ་གསུམ་པ’”ནི་བོད་ཀྱི་ལྗོངས་བབ་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་བཀྲག་མདངས་འཚེར་ཤོས་བཅས་རེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་བོད་ཀྱི་ཡུལ་སྐོར་གྱིས“ཁྱད་ལྡན་དང་། མཐོ་རིམ། རྩེར་སོན”བཅས་ཀྱིས་སྟོན་ཕྱོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཡུལ་སྐོར་སྣེ་ཁྲིད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས།
འབྲེལ་ཡོད་རྩོམ་ཡིག