ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མི་རབས་གསུམ་གྱི་ཀྲུང་གོའི་ཕུགས་འདུན་གཅིག

2018-10-23 སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་སྒྲོལ་དཀར(དཀྱིལ)དང་གཡང་འཛོམས(གཡོན)གཅེན་གཅུང་གཉིས་དང་ཡུལ་དེའི་མཐའ་སྲུང་འཐབ་འཛིང་པ་མཉམ་དུ་གླེང་མོལ་བྱེད་བཞིན་ཡོད་པ(2017ལོའི་ཟླ་10ཚེས་29ཉིན་པར་བླངས)
           བརྟན་སྲུང་། རྒྱལ་ཁབ་ས་ཆ་སྲུང་སྐྱོང་ཧུར་ཐག་བྱས་པ།
           སངས་རྒྱས་ཆོས་འཕགས་ཡུལ་སྨད་ནས་ཕྱོགས་གཞན་དུ་འགྲོ་བའི་གོ་སྐབས་མང་པོ་ཡོད།
           ཐེངས་དང་པོ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་ཡིན། སྐབས་དེར་བོད་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་ཡོང་ཉེར་ཡོད་པས། “དཀྲོག་གཏམ”སྣ་ཚོགས་ཐག་རིང་ལུང་ཁུག་གི་གྲོང་ཚོ་དེར་མྱུར་དུ་ཁྱབ། མི་མང་པོ་ཞིག་མགོ་སྐོར་བསླུ་བྲིད་འོག་ཚུད་ནས་ཕྱུགས་ཟོག་དེད་དེ་རང་གི་ཕ་ཡུལ་དང་ཁ་བྲལ་བ་རེད།
           འོན་ཀྱང་སངས་རྒྱས་ཆོས་འཕགས་རང་ཡུལ་དུ་བསྡད་པ་རེད། “ཨ་ཕས་ཕྱིས་སུ་རྟག་པར‘སྐབས་དེའི་འཚོ་བ་ལས་སྐྱོ་བ་ཞིག་གང་ན་ཡོད’ཅེས་ཟེར་གྱི་འདུག” “སྐབས་དེར་ཤང་ནང་གི་མིས་མཐོ་རིམ་མི་སྣར་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད། ལོ་ལྟར་དཀའ་ལས་ཇི་ལྟར་བརྒྱབ་ཀྱང་གྲོད་པ་ཡང་མི་རྒྱགས་པས་སློང་མོ་མི་བྱེད་ཀ་མེད་རེད”ཅེས་སྒྲོལ་དཀར་གྱིས་བརྗོད།
           རང་ཡུལ་ནས་ཁ་བྲལ་མེད་པའི་སངས་རྒྱས་ཆོས་འཕགས་དང་ཁྱིམ་མི་ཚང་མར་མྱུར་དུ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་བ་རེད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ཡུལ་སྨད་དུ་ལྡང་རྗེས། ཡུལ་སྨད་བར་ཕྱུགས་ཟོག་དང་ཞིང་ཁ་བགོ་བཤའ་ཐོབ་ནས་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་པ་རེད།
           1962ལོར། དུད་ཚང་གསུམ་ལས་མེད་པའི་ཡུལ་སྨད་དུ་མི་དམངས་ཀུང་ཧྲེ་བཙུགས་ནས་སངས་རྒྱས་ཆོས་འཕགས་ཀུང་ཧྲེའི་འགན་ཁུར་བ་བྱས་པ་རེད། ཕྱིས་སུ་ཡུལ་སྨད་དེ་ཉིད་ཤང་དུ་བསྒྱུར་རྗེས་སངས་རྒྱས་ཆོས་འཕགས་ཀྱིས་ཤང་ཀྲང་ཐོག་མ་དེ་བྱས། ཞིང་བྲན་ནས་བདག་པོར་གྱུར་པས་སངས་རྒྱས་ཆོས་འཕགས་ཀྱིས་ཡུལ་སྨད་ཀྱི་འགན་འཁྲི་ཆེན་པོ་དང་དུ་བླངས།
           “ཨ་ཕ་རྫོང་དུ་ཚོགས་འདུར་བསྐྱོད་དེ་ཕྱིར་ལོག་རིམ་བཞིན་རྟག་ཏུ་ངེད་གཅེན་གཅུང་གཉིས་ཕྱུགས་འཚོ་ས་ནས་བོས་ཏེ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱེད་ཀྱི་འདུག” “དང་ཐོག ཨ་ཕའི་སྒམ་ནན་གྱི་རྣམ་འགྱུར་དེར་ངེད་གཅེན་གཅུང་གཉིས་ཀྱིས་མགོ་འཚོས་ཀྱི་མེད”ཅེས་གཡང་འཛོམས་ཀྱིས་བརྗོད།
           ཕྱིས་སུ། སངས་རྒྱས་ཆོས་འཕགས་ཀྱིས་གྲོང་རྡལ་ནས་རས་དམར་པོ་ཞིག་ཉོས་ནས་ཁོང་རང་ཉིད་ཀྱིས་ལག་པ་འགུལ་ནས“རྒྱལ་དར”ཞིག་བཟོས་རྗེས་གཅེན་གཅུང་གཉིས་ཁྲིད་དེ་ཤང་ནང་གི་རྒྱལ་དར་སྒྲེང་བའི་མཛད་སྒོ་ཐེངས་དང་པོ་དེ་འཚོགས་པ་རེད། “ཨ་ཕས‘རྒྱལ་དར’སྟོན་བཞིན་འདི་ནི་རྒྱལ་ཁབ་རེད། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད”ཅེས་བརྗོད།
           ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་ལས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་རྐང་འོག་གི་ས་ཆ་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་སྲུང་སྐྱོང་བྱེད་པ་ཡིན་པ་ཤེས་པ་རེད།
           རྒྱུན་འཛིན། བུད་མེད་ཀྱིས་མཐའ་མཚམས་བརྟན་སྲུང་གི་འགན་འཁྲི་འཁུར་བ།
           སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཇི་ལྟར་དཀའ་ཚེགས་ཆེ་ཡང་ཡུལ་སྨད་ནས་ཁ་འབྲལ་རྒྱུ་ཡིད་ལ་འཁོར་མྱོང་མེད།
           ཡུལ་སྨད་ནས་ཕྱིར་སྐྱོད་ན་ས་བབ་མཐོ་ཚད་སྨི་5000ལྷག་ཟིན་པའི་རི་ལ་བརྒྱུད་དགོས། ལོ་རེའི་དགུན་ཁར། ཡུལ་སྨད་ནས་ཕྱིར་སྐྱོད་པའི་བགྲོད་ལམ་འབའ་ཞིག་དེ་གངས་གསོག་གིས་འགག་པ་དང་། དགུན་ཁ་མ་འཆར་གོང་བཟའ་རྒྱུ་འཐུང་རྒྱུ་མ་ཉོས་ཚེ་དགུན་ཟླ་རིང་མོར་བཀྲེས་ལྟོགས་མྱོང་རྒྱུ་ལས་མེད།
           ཁྱིམ་གྱི་འཚོ་བ་ཅུང་ལེགས་སུ་གཏོང་ཆེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་རྟག་ཏུ་ཐོ་རེངས་ཀྱི་ཆུ་ཚོད་བཞི་པ་དང་ལྔ་པ་ཙམ་དུ་ཡར་ལངས་ཏེ་འོ་མ་བཞོས་ནས་མར་དཀྲོག་པ་དང་ཕྱུགས་འཚོ་བ་སོགས་ཀྱི་ལས་ཀ་མང་པོ་བྱེད་དགོས། དབྱར་ཁ་སླེབས་རྗེས། གཅེན་གཅུང་གཉིས་ཀྱིས་ཕྱུགས་ཟོག་དེད་ནས་རྩྭ་ཆུ་བཟང་སར་བསྐྱོད་དེ་ཟླ་བ་གསུམ་ཡས་མས་སྡོད་དགོས། དཀའ་ཚེགས་ཇི་ལྟར་ཆེ་ཡང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཡུལ་སྨད་ནས་ཁ་འབྲལ་རྒྱུ་ནམ་ཡང་ཡིད་ལ་འཁོར་མྱོང་མེད་པ་རེད། “དཀའ་སྡུག་གིས་མནར་ནས་བཟོད་ཐབས་བྲལ་བའི་སྐབས། ཨ་ཕའི་མངགས་བཅོལ་ལ་བསམ་བློ་གཏོང་བཞིན་གཉིད་སད་ཙ་ན་སླར་ཡང་ངར་ཤུགས་ཀྱིས་ཁེངས་འདུག”ཅེས་སྒྲོལ་དཀར་གྱིས་བརྗོད།
           ལོ་དེར། སྒྲོལ་དཀར་གྱིས་ཨ་ཕའི་ཕྲག་ནས་ཡུལ་སྨད་ཤང་གི་ཤང་ཀྲང་གི་འགན་འཁྲི་བླངས་ཏེ་རང་གིས་འཁུར་བ་ནས་ད་བར་དུ་ལོ་20ལྷག་ཕྱིན་པ་དང་། དེའི་རིང་ཡུལ་སྨད་ཤང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས་ཡུལ་སྨད་ཤང་གི་རྒྱུན་སྡོད་མི་གྲངས་ཀྱང་ཇེ་མང་དུ་ཕྱིན་ཡོད་པ་རེད།
           སྲིད་གཞུང་གི་གཙོ་ཁྲིད་འོག མི་སྔར་ལས་མང་བ་ཡུལ་སྨད་དུ་སྤོས་པ་རེད། 2011ལོར། ཡུལ་སྨད་ཤང་གིས་སྤྱི་བདེ་མཐའ་སྲུང་མངགས་གཏོང་ཁང་བཙུགས་ནས་མཐའ་མཚམས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་སྔར་བས་ཡག་པོ་བྱས་པ་རེད།
           ལོ་དེར། སྒྲོལ་དཀར་ཤང་ཀྲང་གི་ལས་གནས་ནས་བབས་པ་རེད། ཚང་མས་མཉམ་དུ་སྲུང་སྐྱོང་བྱེད་ཀྱི་ཡོད་པས། ཁོང་གིས་རྒྱལ་ཁབ་ཀྱི་ས་ཆ་གཞན་གྱིས་མུག་ཟ་བྱེད་པར་སེམས་ཁྲལ་བྱེད་དགོས་མེད། ཡུལ་སྨད་བརྟན་སྲུང་བྱ་རྒྱུ་ནི་ཁོང་གི་རུས་རྐང་དུ་ཟུག་པའི་དད་སེམས་ཤིག་ཏུ་གྱུར་ཡོད་པ་རེད།
           དད་སེམས། མཐའ་སྲུང་གི་ཕུགས་འདུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ།
           འདི་ལོའི་ལོ་འགོར་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་ཡུལ་སྨད་དུ་ལོག
           སྔོན་མ་ཡུལ་སྨད་དུ་སློབ་ཆེན་སློབ་མ་ཐོན་མྱོང་མེད། སྒྲོལ་དཀར་གྱིས“ཕྲུ་གུ་ཚོ་དུས་རབས་བཟང་པོ་དང་སྐབས་འཁེལ་བས་སློབ་གྲྭར་འགྲོ་ཐུབ་པ་མ་ཟད་ད་དུང་སློབ་ཡོན་ཡང་སྐྱེལ་དགོས་ཀྱི་མི་འདུག”ཅེས་བཤད།
           སློབ་ཆེན་ཐོན་རྗེས་བསོད་ནམས་དོན་གྲུབ་ལ་ཕ་ཡུལ་དུ་ལོག་མི་དགོས་པའི་གོ་སྐབས་ཤིག་རག་པ་སྟེ། 2016ལོའི་བོད་ཀྱི་ལོ་གསར་རིང་བསོད་ནམས་དོན་གྲུབ་ཀྱིས་ཁྲེང་ཏུའུ་ཡི་གངས་ཤུད་ར་བ་ཞིག་ཏུ་རྩལ་འཁྲིད་པ་བྱས་པར་ཟླ་རེར་སྒོར་ཁྲི་གཅིག་ལྷག་ཙམ་གསོག་ཐུབ་ཀྱི་ཡོད། འོན་ཀྱང་བསོད་ནམས་དོན་གྲུབ་ཀྱིས“ཨ་མ་ལགས་ཀྱིས་ང་ལ་ཁ་པར་བརྒྱབ་སྟེ‘ཁྱེད་ཀྱིས་སྤོ་བོ་ལགས་ཀྱི་མངགས་བཅོལ་བརྗེད་སོང་བ་རེད་དམ། ཁྱེད་ཀྱི་རྩ་བ་འདི་གར་ཡོད་པ་མ་བརྗེད་པ་གྱིས་ཨང’ཞེས་གསུངས་བྱུང” “ངས་ཨ་མ་ལགས་སྐུ་རླུང་དེ་འདྲ་བཞེངས་པ་མཐོང་མྱོང་མེད། སྐབས་དེ་དུས་ཁོང་དངོས་གནས་སྐུ་རླུང་ཆེན་པོ་བཞེངས་འདུག”ཅེས་བཤད།
           སྤོ་བོ་སངས་རྒྱས་ཆོས་འཕགས་ཀྱི་སེམས་ནང་བསོད་ནམས་དོན་གྲུབ་ནར་སོན་རྗེས་དམག་མི་ཞིག་བྱས་ནས་ཡུལ་སྨད་དུ་ལོག་སྟེ་ཁྱིམ་གཞིས་སྲུང་སྐྱོང་བྱེད་དུ་འཇུག་དགོས་སྙམ་གྱི་ཡོད། རྫོང་དུ་སླེབས་རིམ་བཞིན་སྤོ་བོ་ལགས་ཀྱིས་ཁོ་བོར་རྩེད་ཆས་མེ་མདའ་ཁོ་ན་ཉོ་གི་ཡོད་པ་དང་སྐོར་གཡེང་ལ་འགྲོ་རིམ་བཞིན་ལོ་ན་གཞོན་པའི་བསོད་ནམས་དོན་གྲུབ་མཉམ་དུ་འཁྲིད་འགྲོ་གི་ཡོད།
           བསོད་ནམས་དོན་གྲུབ་ཀྱིས“སྐོར་གཡེང་བྱེད་རིམ་བཞིན་དཀའ་ལས་ཁག་པོ་ཡོད་ཀྱང་། སྤོ་བོ་ལགས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ང་འཁྲིད་གང་ཐུབ་གནང་གི་ཡོད” “རི་སྟེང་དུ་སླེབས་རིམ་བཞིན་ཁོང་གིས་ང་ལ་སྨྱུག་མའི་གྲི་ཞིག་སྤྲད་དེ་འཐབ་འཛིང་པ་ཞིག་དང་འདྲ་བར་ང་ཚོའི་ཁྱིམ་གཞིས་ཡག་པོ་སྲུང་དགོས་པའི་བསླབ་བྱ་གནང་གི་ཡོད”ཅེས་བཤད།
           ཡུལ་སྨད་ཀྱི་འགྱུར་ལྡོག་གླེང་སྐོར་སྐབས་ད་ཆ་ཤང་གི་གཞུང་ལས་པ་ཡིན་པའི་བསོད་ནམས་དོན་གྲུབ་ལ་གནས་ལུགས་ལྡན་པའི་སྐད་ཆ་མང་པོ་ཤོད་རྒྱུ་ཡོད། “ཉེ་ཆར་ཤང་དུ་གནམ་གཤིས་ལྟ་ཞིབ་ས་ཚིགས་དང་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཙུགས་མ་ཐག་ཡིན་པ་དང་། ད་དུང་རྒྱལ་ཁབ་ཀྱི་གློག་དྲ་ཆེ་མོའི་གློག་བརྟན་པོ་སྤྱོད་ཐུབ་པ་བྱུང་བས། གློག་ཁང་ཆུང་ངུའི་གློག་བརྟན་པོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ང་ཚོའི་འཚོ་བ་སྔར་ལས་ཡག་ཏུ་འགྲོ་བཞིན་འདུག” “བཀོད་སྒྲིག་ལྟར་ན་མ་འོངས་པར་ད་དུང་མི་སྔར་ལས་མང་བ་ཡུལ་སྨད་དུ་སྤོ་རྒྱུ་རེད”ཅེས་བསོད་ནམས་དོན་གྲུབ་ཀྱིས་བཤད།
           “ཡུལ་སྨད་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས་རེད། ང་ཚོས་མུ་མཐུད་འདི་གར་བསྡད་ནས་ཕ་ཡུལ་གྱི་འགྱུར་ལྡོག་ལ་ལྟ་གི་ཡིན”ཞེས་བསོད་ནམས་དོན་གྲུབ་ཀྱིས་བཤད།
འབྲེལ་ཡོད་རྩོམ་ཡིག