ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནསAPECབཟོ་ཚོང་འགོ་ཁྲིད་དབུ་ཚོཌ་ཐོག་གསུང་བཤད་གནང་བ།

2018-11-19 སངས་སྐྱབས་ཀྱིས་བསྒྲིགས།
            ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།
            སྤྱི་ཚེས་༡༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རྒྱལ་ས་མོ་འར་ཚེ་པི་གྲུ་ཁར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་གནང་བ་མ་ཟད་འགོ་བརྗོད་དུ་ཕྱར་བ་གྲུ་འདེགས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཅེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད།
            ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཐེངས་ཀྱི་བཟོ་ཚོང་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་དུས་རབས་འདིར་ཁོག་ཡངས་ལ་སྐུལ་འདེད་གཏོང་བ་སྟེ། ཐུན་མོང་གི་འབྱུང་འགྱུར་མཉམ་དུ་འཆར་འགོད་བྱེད་ཅེས་པར་དོན་སྙིང་ཆེན་པོ་ལྡན་ཡོད། ད་ཆ་འཛམ་གླིང་འདི་ཉིད་གོང་འཕེལ་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་བྱེད་པའི་དུས་ལ་སླེབས་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དགུང་དུ་འཕྱུར་བཞིན་ཡོད་ནའང་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་འཕར་སྣོན་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་འཕོ་འགྱུར་འགྲོ་ལ་ཉེ་ནའང་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལེགས་འགྲུབ་ཐུབ་མེད། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་ནའང་གོང་འཕེལ་དོ་སྙོམས་མིན་པར་རྩ་བའི་འགྱུར་བ་བྱུང་མེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་འཕོ་འགྱུར་མགྱོགས་པོ་འགྲོ་བཞིན་ཡོད་ནའང་བཅོས་སྐྱོང་རྗེས་ལུས་ཡིན་པ་ནི་སྔར་བཞིན་དཀའ་གནད་ཅིག་ལ་གྱུར་ཡོད་ཅེས་དང་།
            ཞི་ཅིན་ཕིང་གིས། ད་ཆ་འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། འཕོ་འགྱུར་གྱིས་གོ་སྐབས་གསར་པ་ཐོབ་སྲིད། འོན་ཀྱང་འཕོ་འགྱུར་གྱི་བརྒྱུད་རིམ་ནང་ཉེན་ཁ་དང་འགྲན་རྩོད་མང་པོ་འཕྲད་བཞིན་ཡོད་པས་མིའི་རིགས་འདི་སླར་ཡང་ལམ་བཞི་མདོ་ཁར་གནས་ཡོད། མཉམ་ལས་སམ་ཡང་ན་ཁ་གཏད་དུ་ལངས་མིན་དང་། སྒོ་འབྱེད་དམ་ཡང་ན་སྒོ་བཀག་ལ་འགྱུར་མིན། གཉིས་ཕན་མཉམ་ལས་སམ་ཡང་ན་འགྲན་རྩོད་ལ་འགྱུར་མིན་བཅས་ཀྱི་དྲི་བ་དེ་དག་ལ་ལན་གང་འདྲ་རྒྱག་མིན་དེ་རྒྱལ་ཁབ་ཁག་གི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད། ཉེ་རབས་ཚུན་གྱི་འཛམ་གླིང་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་གདམ་ག་མི་འདྲ་བས་འཛམ་གླིང་ལོ་རྒྱུས་ལ་འཁོར་ལམ་མི་འདྲ་བ་བྱུང་བ་ང་ཚོས་གསལ་པོ་མཐོང་ཡོད་ཅེས་དང་།
            ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་རླབས་རྒྱུན་ཆེན་པོའི་མདུན་དུ་གང་འདྲ་བྱས་ཚེ་འཛམ་གླིང་དཔལ་འབྱོར་གོང་འཕེལ་གྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་ཐུབ་མིན་དང་། གང་འདྲ་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཅོས་སྐྱོང་ནུས་ལྡན་ཐུབ་པའི་རིག་ལམ་འཚོལ་ཐུབ་མིན་ཐད་ང་རང་ནས་གཤམ་གསལ་གྱི་འདོད་ཚུལ་ཁག་འདོན་རྒྱུ་ཡིན་པ་སྟེ།
            དང་པོ། སྒོ་དབྱེའི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་གོང་འཕེལ་གྱི་བར་ཁམས་རྒྱ་ཆེ་རུ་གཏོང་དགོས་པ།
            གཉིས་པ། གོང་འཕེལ་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་ཕན་ཁེ་ཡག་ཏུ་གཏོང་དགོས་པ།
            གསུམ་པ། ཁོག་ཡངས་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་ཕན་ཚུན་མཉམ་འདྲེས་དང་དཔྱད་གཞིར་འཛིན་རེས་བྱེད་པར་སྐུལ་འདེད་གཏོང་དགོས་པ།
            བཞི་པ། གསར་གཏོད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་འཕར་སྣོན་གྱི་འབྱུང་རྩ་གཏོད་དགོས་པ།
            ལྔ་པ། སྒྲིག་སྲོལ་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་གོ་ལོ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཡིན་ཞེས་དང་།
            ཞི་ཅིན་ཕིང་གིས། སྤྱི་ལོ་༡༩༧༨ལོར། ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེའི་ལམ་བུ་འགོ་བཙུགས་ཡོད། ལོ་ངོ་༤༠ནང་། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་བློ་རིག་དང་ལག་གཉིས་ལ་བརྟེན་ནས། དཀའ་སྤྱད་འབད་འཐབ་ངང་མདུན་སྐྱོད་བྱས་པ་དང་། ཡར་ལངས་པ་དང་། འབྱོར་ཕྱུག་ལྡན་པར་གྱུར་བ་དང་། དེ་ནས་སྟོབས་ཆེར་འགྲོ་བའི་བར་ལོ་རྒྱུས་ཀྱི་འཕུར་མཆོངས་ལ་བསུས་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་འཕེལ་རིམ་འགོ་ཚུགས་ཡོད།
            ལོ་ངོ་༤༠ནང་། ཀྲུང་གོའི་མི་དམངས་ཀྱིས་འཚོལ་ཞིབ་བྱེད་ཕོད་པ་དང་། དམ་པ་དོན་གཉེར། རྒྱ་སྐྱེད་གསར་གཏོད་ཀྱི་ངར་ཤུགས་དང་། རང་སྟོབས་རང་སྤེལ་གྱི་སྙིང་རུས་ལ་བརྟེན་ནས། ཀྲུང་གོ་འདི་ཉིད་འཛམ་གླིང་དཔལ་འབྱོར་མ་ལག་ཨང་གཉིས་པར་འགྱུར་བ་བྱས་པ་དང་། ཀྲུང་གོའི་རྣམ་པ་དང་། ཀྲུང་གོའི་མི་དམངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ལྟའི་ཀྲུང་གོ་འདི་ཉིད་ཀྲུང་གོའི་མི་དམངས་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
            ལོ་ངོ་40ནང་། ཀྲུང་གོའི་མི་དམངས་ཀྱིས་ཁོག་ཡངས་ངང་འཛམ་གླིང་ལ་ཁ་ཕྱོགས་པ་དང་། རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་དངོས་ཟོག་ཕྱི་གཏོང་ནང་འདྲེན་གྱི་སྤྱི་འབོར་ལྡབ་198འཕར་བ་དང་། ཞབས་ཞུ་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་འཕར་ཚད་ལྡབ་147ལས་བརྒལ་ཡོད་ཅིང་། རིམ་རྩིས་བྱས་ན་ཕྱི་རྒྱལ་གྱི་མ་རྩ་ཨ་སྒོར་དུང་ཕྱུར་ཉིས་ཁྲི་ལས་བརྒལ་བ་ཡིད་འགུག་བྱས་ཡོད་པས། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེ་ཤོས་དང་། ཡུལ་སྐོར་ཁྲོམ་ར་ཆེ་ཤོས། རྒྱལ་ཁབ་130ལྷག་གི་ཉོ་ཚོང་རོགས་པ་གཙོ་བོ་བཅས་ལ་གྱུར་ཡོད།
            ལོ་ངོ་40ནང་། ཀྲུང་གོའི་མི་དམངས་ཀྱིས་གོང་འཕེལ་ལ་གཅིག་སྡུད་ཐོག་དོ་ཁུར་བྱས་པ་དང་། མི་དམངས་ལ་ཕན་བདེ་སྐྲུན་ཡོད། མི་དམངས་ཀྱིས་ལྟེ་བ་བྱས་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ནས། སྤྱི་ལོ་1978ལོ་ནས་སྤྱི་ལོ་2017ལོའི་བར། ཀྲུང་གོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་22.8འཕར་ཡོད་པ་དང་། དབུལ་ཕོངས་མི་འབོར་དུང་ཕྱུར་བདུན་དང་བྱེ་བ་བཞི་ཉུང་དུ་ཕྱིན་ཡོད་ལ། ལས་ཞུགས་མི་སྣ་ལྡབ་གཉིས་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པ་དང་། འཛམ་གླིང་ཐོག་མི་འབོར་མང་ཤོས་ལ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན་ཡོད། ཀྲུང་གོའི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།
            ལོ་ངོ་40ནང་། ཀྲུང་གོའི་མི་དམངས་ཀྱིས་རང་གཞན་གཉིས་ལེགས་སྒྲུབ་ཡོང་བ་དང་། ཐུན་མོང་གོང་འཕེལ་ཡོང་རེ་བྱས་ཡོད། བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་བསྐྱོད་པ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། འགན་འཁུར་བའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་པ། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རིག་ནུས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
            ལོ་ངོ་40ནང་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ལ་ཕྱིར་ལྟ་བྱེད་སྐབས། ཀྲུང་གོའི་མི་དམངས་ཀྱིས་བློ་རྩ་དེ་བས་བརྟན་པོས་སྒྱུར་བཅོས་སྒོ་དབྱེ་བྱས་ཚེ་གཞི་ནས་ཀྲུང་གོ་གོང་འཕེལ་གཏོང་ཐུབ་པའི་ངོས་འཛིན་ཐུབ་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས། ཀྲུང་གོས་དེ་བས་འགན་འཁུར་བའི་སྙིང་སྟོབས་དང་། དེ་བས་སྒོ་དབྱེ་དང་ཁོག་ཡངས་ཀྱི་རྣམ་པ། དེ་བས་སྤུས་ཚད་མཐོ་བའི་འཕར་སྣོན་བཅས་ཀྱི་ཐོག་ནས། རང་ངོས་གོང་འཕེལ་མངོན་འགྱུར་ཡོང་བ་བྱས་པ་དང་དུས་མཚུངས། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུང་མོང་དར་རྒྱས་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་ཕུལ་ཡོད་ཅེས་གསུངས་གནང་བ་དང་། 
ཞི་ཅིན་ཕིང་གིས་མཇུག་ཏུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་དེ་ཆུར་བརྟེན་ནས་ལས་དབང་འབྲེལ་ཡོད། སླད་ཕྱིན་གྲུ་གཟིངས་ཐོག་སྐྱོད་སྐབས། ཡངས་ཤིང་མུ་མཐའ་མེད་པའི་རྒྱ་མཚོར་བལྟ་དུས། ང་རང་ནས་ཕྱར་བ་གྲུ་འདེགས་ཅེས་པའི་མིང་ཚིག་དེ་དྲན་བྱུང་། ང་ཚོས་གྲུ་གཟིངས་ཀྱི་ཁ་ཕྱོགས་བརྟན་པོ་འཛིན་པ་དང་ཁ་ཕྱོགས་ཡང་དག་འཛིན་པ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། དཀའ་ངལ་ཁྱད་བསད་བཅས་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་མོ་དེ་དེ་བས་མཛེས་སྡུག་ལྡན་པའི་ཕྱོགས་སུ་གཏོང་དགོས་ཞེས་གསུངས་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག