ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་ཆབ་མདོ་གྲོང་ཁྱེར་གྱིས“སྤྲོ་སྤྲོ་ཁམས་པ། ངོ་མཚར་ཆབ་མདོའི”ལུས་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་སྤེལ།

2019-01-17 བཀྲ་རྒྱལ་གྱིས་བསྒྱུར།
གླེང་སྟེགས་འཚོགས་ཡུལ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡན་ཡིན་ལ་དེར“འཛམ་གླིང་གི་ཡང་རྩེ”ཞེས་འབོད་ཀྱི་ཡོད་པ་དང་། བརྗིད་ཉམས་ངོ་མཚར་ཆེ་ཞིང་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ནི་འཛམ་གླིང་སྟེང་སྐད་གྲགས་ཀྱིས་ཆོད་ཡོད་པ་རེད། མི་རྣམས་ཀྱི་མཐོང་སྣང་དུ། མཚོ་ངོས་ལས་ས་བབ་ཆེས་ཆེར་མཐོ་བའི་བོད་ལྗོངས་ནི་ལུས་རྩལ་དང་དེ་འདྲའི་འཚམ་པོ་མེད་པར་བསམ་མོད། དོན་དངོས་ཐོག་ས་མཐོའི་ལུས་རྩལ་ནི་སྔ་ས་ནས་བོད་ཀྱི་མིང་བྱང་ཞིག་ཏུ་ཆགས་ཚར་ཡོད་པ་རེད།
             ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་དང་བསྟུན། བོད་ཀྱིས་ཐུན་མོང་མ་ཡིན་པའི་རི་བོའི་ཐོན་ཁུངས་བེད་སྤྱོད་དེ། བོད་དུ་སྤེལ་འཚམ་པའི་བྱེས་བགྲོད་ལུས་རྩལ་རྣམ་གྲངས་ཀྱང་སྔ་རྗེས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད་དེ། དཔེར་ན་ཀོ་གྲུ་དང་ཡུལ་འཁྱར། རི་ཁུལ་རྐང་འཁོར་བཅས་ནི་རིམ་བཞིན་གྱི་རྩལ་འགྲན་རྣམ་གྲངས་རྒྱ་བསྐྱེད་ནས་ས་མཐོའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གནང་ཡོད་པ་རེད།
             ལུས་རྩལ་གྱི་རྣམ་པར་ཟམ་མི་ཆད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་དེ། སྔོན་ཆད་ནི་ཆེད་ལས་ལུས་རྩལ་པ་ཞུགས་གི་ཡོད་ནའང་། ད་ལྟ་མང་ཚོགས་ཕལ་བའང་ནང་ཞུགས་བྱས་ཡོད་པ་རེད། བོད་ཀྱི་ལུས་རྩལ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཆེན་པོ་གནང་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད་པ་དང་། ལུས་རྩལ་ཡུལ་སྐོར་དང་ལུས་རྩལ་རིག་གནས་ཀྱི་མཉམ་འདྲེས་དང་འཕེལ་རྒྱས་ལའང་སྐུལ་འདེད་གནང་ཡོད་པ་རེད།
གླེང་སྟེགས་འཚོགས་ཡུལ།
             ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོར། 2019ལོའི“སྤྲོ་སྤྲོ་ཁམས་པ། ངོ་མཚར་ཆབ་མདོའི”ལུས་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྤེལ་བ་དང་། ད་ཐེངས་གླེང་སྟེགས་ཀྱིས“དོ་སྣང་དང་གཅིག་སྒྲིལ། གསར་གཏོད། མཉམ་འདྲེས”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས“ལུས་རྩལ+”ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་བཅས་འཛུགས་རྒྱུར་ནུས་ཤུགས་བཏོན་ཡོད་པ་དང་། ཚོགས་འདུར་ཞུགས་པའི་མི་སྣའི་དབར་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། ཆབ་མདོའི་ལུས་རྩལ་ཐོན་ལས་ཀྱི་གསར་གཏོད་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་ལ། སླད་ཕྱིན་ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་རའི་བསམ་ཕྱོགས་དང་ཚོང་རའི་ནང་རྐྱེན་ལ་བརྟེན་ནས་ལུས་རྩལ་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་དང་། བདེ་ཐང་ཆབ་མདོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་འགོ་ཡག་པོ་བརྩམས་ཡོད་པ་རེད།
             ད་ཐེངས་ཀྱི་གླེང་སྟེགས་ནི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་མཉམ་ལས་ཅུས་དང་ཆབ་མདོ་གྲོང་ཁྱེར་ལུས་རྩལ་ཅུས། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཁྲེང་ཏུའུ་ཡོན་པའོ་ལུས་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་གཉེར་འགན་འཁུར་བ་ཡིན་ལ། དེ་ནི་    ཆབ་མདོ་གྲོང་ཁྱེར་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་བློ་རྩེ་གཅིག་ཏུ་གཞོལ་བའི་གླེང་སྟེགས་བྱེད་སྒོ་ཞིག་རེད།
             བོད་ལྗོངས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ནི2013ལོའི་ཟླ4པར་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཐོག་མ་རེད། སྔོན་དཔག་བྱས་ན2020ལོར་སླེབས་སྐབས། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཞུགས་མཁན་ཁེ་ལས1000 ལས་བརྒལ་རྒྱུ་ཡིན་པ་པ་དང་། ཁྲོམ་བཀྲམས་ཁེ་ལས་གསུམ་ནས་བཞི་གསོ་སྐྱོང་བྱེད་ཐུབ་པ་དང་ཁྲལ་བསྡུས་ནུས་ཤུགས་འབུལ་ཚད་ནི་གྲོང་ཁྱེར་ཡོངས་ཀྱི་བསྡུར་ཚད་ཀྱི60%ཡན་ཟིན་ཐུབ་ལ། ཚོགས་སྤྱི་དང་གཞི་ཁྱོན་ཅན་གྱི་ཕན་འབྲས་ཐོན་ནས་བོད་ཤར་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་ཞིག་ཏུ་གྱུར་ངེས་སོ།
             རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔར་ཆབ་མདོའི་ལུས་རྩལ་ཐོན་ལས་ནི་འཕེལ་རྒྱས་ཀྱི་དུས་འགོར་གནས་ཡོད་ལ། འཕེལ་རྒྱས་གཏོང་བའི་བར་སྟོང་ཆེན་པོ་ལྡན་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཉམས་པ་མེད་པའི་ཐོན་ལས་ཀྱི་ལེགས་ཆ་ཉིས་བརྩེགས་འོག   ཆབ་མདོའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུ་ཐུབ་ངེས་རེད།
             གླེང་སྟེགས་ཆེད་དུ་དེ་སྔའི་རྒྱལ་ཁབ་ཀྱི་རྐང་རྩལ་པ། ཆོན་ཞིན་རུ་ཁག་གི་རུམ་མི་ལུའེ་པེན་དང་། ཁྲེང་ཏུའུ་ཡོན་པའོ་ལུས་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་འགན་པ་ཕུའུ་ཝུན། ཆབ་མདོ་གྲོང་ཁྱེར་གྱི་ལས་ཞོར་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཁུར་བ་ཀརྨ་སོགས་ཀྱི་ངོ་མཚར་ཆེ་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་པ་རེད།
             བྱེད་སྒོ་གཉེར་མཁན་སྡེ་ཚན་གྱི་འགན་འཁུར་བས། ང་ཚོས་ད་ཐེངས་ཀྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དེ་གོ་སྐབས་སུ་བྱས་ནས་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དེ་དཔྱད་གཞིར་བཟུང་སྟེ། ཧུར་བརྩོན་སྒོས་ཆབ་མདོའི་ལུས་རྩལ་དང་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཐད་ཐོད་བརྒལ་གྱི་གནས་གསར་པ་འཚོལ་རྒྱུ་དང་། གྲུབ་འབྲས་གསར་པ་གཏོད་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་པ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་སྟོབས་ཤུགས་གསར་པ་འབུལ་རྒྱུ་ཡིན་ཞེས་བསྟན་བྱུང་།
འབྲེལ་ཡོད་རྩོམ་ཡིག