ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

2019-01-21 སངས་སྐྱབས་ཀྱིས་བསྒྲིགས།
ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།
             ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་མིག་སྔའི་རང་ལྗོངས་ཀྱི“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་ལེན་བསྟར་བ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ།“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སྤྱིའི་དམ་འཛིན་བྱ་གཞིར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དེ་ཐོག་མར་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དམིགས་ཚད་གཙོ་བོ་ཞིག་ཏུ་བརྩི་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ཞིང་གསུམ”ལས་དོན་གྱི་ངེས་པར་དུ་སྒྲུབ་དགོས་པའི་ལས་འགན་གྱི་ཚད་གཞི་དང་བསྡུར་བ་བྱེད་པ། དམངས་འཚོའི་ཕྱོགས་སྟོན་མངོན་གསལ་དོད་དུ་གཏོང་བ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། རྨང་གཞི་བརྟན་གཏོང་། “སྲ་བརྟན་དང་། ཤུགས་སྣོན། མཐོར་གཏོང་། ཤར་བགྲོད”བཅས་ལ་དམིགས་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་ལ་སྣང་ཆེན་གྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་མཇུག་ཡག་པོ་བསྡུ་རྒྱུར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་མ་ཟད། ད་དུང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
             ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཚོགས་འདུའི་ཐོག“ཞིང་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་ཁུལ(གྲོང་ཁྱེར)བདུན་གྱི་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)དང་2019ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད།
             ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་2018ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབར་འཕར་གྱི་སྔོན་ཐོན་ས་ཁུལ(གྲོང་ཁྱེར)དང་། ནས་ཐོན་ལས་ཀྱི་སྔོན་ཐོན་རྫོང(ཆུས) ཤ་དང་དཀར་ཆུའི་ཐོན་ལས་ཀྱི་སྔོན་ཐོན་རྫོང(ཆུས) ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྔོན་ཐོན་དང་དཔེ་སྟོན་མཉམ་ལས་ཁང་བཅས་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ཀྲོང་ཡན་གྱིས་2018ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་ཚོད་སྐོར་བྱས་ཚུལ་བརྡ་ཁྱབ་གནང་བ། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
             ཝུའུ་དབྱིང་ཅེས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དང་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བར་གྱུར་ཡོད། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འདིས་ང་ཚོར་དུས་རབས་གསར་པའི“ཞིང་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་མངོན་གསལ་དོད་པོ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་བཅས་ཀྱིས་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཞིང་འབྲོག་པའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་པའི་བླང་བྱ་བཏོན་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“ཞིང་གསུམ”དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་ནི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ཆོད་སེམས་དེ་བས་ཆེ་བ་དང་། བྱེད་ཐབས་དེ་བས་ནུས་ལྡན། སྤྱོད་ཚུལ་དེ་བས་དངོས་སྒྲུབ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ། “ཞིང་གསུམ”མུ་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་སྲ་བརྟན་དུ་ཧུར་ཐག་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
             ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལ་གཡོ་འགུལ་མི་གཏོང་བ་དང་། འགོ་ཁྲིད་ཀྱི་སེམས་ནུས་མཐའ་དག་དབུལ་སྒྲོལ་འགག་སྒྲོལ་ཐད་གཅིག་སྒྲིལ། ལས་དོན་སྤེལ་ཤུགས་དབུལ་སྒྲོལ་འགག་སྒྲོལ་ཐད་གཅིག་སྡུད། མ་དངུལ་གྱི་རྣམ་གྲངས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་པ། དབུལ་སྒྲོལ་འགག་སྒྲོལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་དང་ཟུང་འབྲེལ་དམ་ཟབ་བཅས་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་འགག་སྒྲོལ་གྱི་འགག་གནས་ཆེ་ཤོས་ལས་སྒྲོལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
             གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ལ་སླར་ཡང་ཤུགས་རྒྱག་དགོས་པ་དང་། གཉིས་ནས་གནད་སྨིན་མཛད་ཇུས་དོན་འཁྱོལ་ལ་སླར་ཡང་དམ་པོར་དམིགས་དགོས་པ། གསུམ་ནས་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་ལ་སླར་ཡང་ཚད་བརྒལ་ཡོང་བར་བྱེད་དགོས་པ། བཞི་ནས་སྤྱི་འདོམས་སྐུལ་འདེད་ལ་སླར་ཡང་གཏིང་ཟབ་ཏུ་གཏོང་དགོས་པ། ལྔ་ནས་ནང་གནས་སྒུལ་ཤུགས་འཕེལ་རྒྱས་ལ་སླར་ཡང་ཁྲིད་སྟོན་བྱེད་དགོས་པ། དྲུག་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འབུར་དུ་ཐོན་པར་སླར་ཡང་ཤུགས་སྣོན་རྒྱག་དགོས།
             ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་ཞིང་འབྲོག་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད། གཅིག་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འབུར་དུ་ཐོན་པར་བྱས་ཏེ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་མང་ཚོགས་ལ་སྟབས་བདེ་དང་ཕན་པ་སྐྲུན་པ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། གཉིས་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས་པའི་སྲོག་ཤིང་འདིར་དམིགས་ཏེ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཉེ་དུས་མང་ཚོགས་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ཐད་ནུས་པ་ཐོན་པའི་མྱུར་འགྲུབ་དམངས་ཕྱུག་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཡུན་རིང་ཐོན་པའི་འཐབ་ཇུས་ཐོན་ལས་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ཏེ། ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་བཏང་ནས་འབབ་འཕར་ལ་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་འབབ་འཕར་ལ་སྐུལ་འདེད། ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་བཏང་ནས་འབབ་འཕར་ལ་སྐུལ་འདེད་བཅས་གཏོང་དགོས་པ། གསུམ་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གསར་གཏོད་ཀྱིས་མི་འབོར་དང་སྤྱི་པའི་ཐོན་ཁུངས་སོགས་ཚད་རན་པོའི་སྒོ་ནས་གཅིག་སྡུད་དང་གཅིག་སྒྲིལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་བཅོས་སྒྲིག་བྱེད་ནུས་སྔར་བས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། ལྔ་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་འཇོན་ཐང་དང་ཞབས་ཞུའི་སྐུལ་ཁྲིད་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས།
             ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་རིམ་ལྔའི་ཧྲུའུ་ཅིས“ཞིང་གསུམ”གྱི་ལས་དོན་ལ་དམ་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཞིང་འབྲོག་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་སྟོན་ཕྱོགས་གཏན་འཁེལ་བྱེད་པ། “ཞིང་གསུམ”གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངེས་པར་དུ་འཕྲལ་མར་སྒྲུབ་དགོས་པའི་ལས་འགན་ཁག་ཚད་གཞི་དང་བསྡུར་ནས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱིས་དུས་རབས་གསར་པའི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་ཡག་པོ་རྩོམ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
             བློ་བཟང་རྒྱལ་མཚན་གྱིས་འདི་ལོའི“ཞིང་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་པར་མིག་སྔའི་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དམིགས་ཚད་བརྟན་དུ་དང་ཡིད་ཆེས་ཆེ་རུ་བཏང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ཞིང་གསུམ”གྱི་ལས་དོན་དེ་ངེས་པར་དུ་འཕྲལ་མར་སྒྲུབ་དགོས་པའི་ལས་འགན་གྱི་ཚད་གཞི་དང་བསྡུར་བ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ། མཁོ་སྤྲོད་འགན་ལེན་དང་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཡུལ་སྲོལ་གོམས་གཤིས་དང་ཤེས་དཔལ་སྐྱེད་སྲིང་བྱེད་པ། བཅོས་སྒྲིག་ནུས་ལྡན་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་དོན་སྒྲུབ་པའི་ཐད་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”མུ་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་དགོས། དར་ཆ་གསལ་སྟོན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་སྟོན་ཕྱོགས་གཏན་འཁེལ་བྱེད་པ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འཕྲལ་སྒྲུབ་ལས་འགན་དང་བསྡུར་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བའི་ལས་འགན་ཁག་བདེ་བླག་ངང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག