ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྐུ་ཞབས་པདྨ་ཆོས་གྲགས་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་ཟི་ལིང་ནས་འཚོགས།

2019-05-07
          སྤྱི་ཟླ5བའི་ཚེས5ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པའི་སྐུ་ཞབས་པདྨ་ཆོས་གྲགས་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་ཟི་ལིང་ཚོང་དཔོན་ནོར་བཟང་བོད་ཀྱི་རིག་གནས་ཉམས་ཞིབ་ཁང་ནས་འཚོགས། ཚོགས་ཐོག་ཏུ་ཞིབ་འཇུག་པའི་འཐུས་ཚབ་འགས་རྗེས་དྲན་གཏམ་བཤད་སྤེལ་བ་དང་ཁོང་གི་དེབ་དྲུག་གིས་གྲུབ་པའི་བོད་རིག་པའི་དཔེ་ཚོགས་བཀྲམས་པ་སོགས་ཀྱི་སྒོ་ནས་རྗེས་དྲན་ཞུས།
          ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ།ཞིང་ཆེན་བོད་ཀྱི་ནང་ཆོས་ཉམས་ཞིབ་ལྟེ་གནས་ཀྱི་ཀྲུའུ་རིན་པདྨ་ལྷུན་གྲུབ་འགོ་འཛིན་བྱས་ཤིང་།དྲི་མེད་ཀྱི་ཁ་བཏགས་དཀར་པོ་པད་མ་ཆོས་གྲགས་ལགས་ཀྱི་ཁྱིམ་མིར་ཕུལ་བ་དང་མཉམ་དུ་ཚོགས་རར་ཐལ་མོའི་རྡེབ་སྒྲས་ཁེངས།
          ཚོགས་ཐོག་དུ་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་བསོད་ནམས་ཚེ་རིང་ལགས་ཀྱིས་ཁ་བྱང་ལ《སྐུ་ཞབས་པད་མ་ཆོས་གྲགས་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ལ་རགས་ཙམ་བཤད་པ》ཞེས་པའི་རྗེས་དྲན་གཏམ་བཤད་ནང་དུ་བརྗོད་དོན། “ཚང་མ་མཚོ་སྔོན་ནས་ཡིན་པས། ང་རང་རྒྱུན་དུ་སྐུ་ཞབས་དང་མཉམ་དུ་བསྡད་པ་ཡིན། རྒྱུན་དུ་མཐོང་བ་ནི་ཁོང་གིས་སློབ་ཁང་དང་མལ་ཁང་དུ་ཧ་ཅང་གཟབ་ནན་གྱིས་བོད་བརྒྱུད་ནང་བསྟན་སྐོར་གྱི་དཔེ་ཆ་ཀློག་བཞིན་པའི་རྣམ་པ་དེ་ཡིན། དེ་མཐོང་དུས་ང་རང་ཧ་ལས་པ་ལས་གཞན་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་ངོ་མ་ངོ་མནོངས་པ་ཞིག་ཀྱང་རེད་”ཅེས་བཤད།
          མཚོ་སྔོན་ཙོང་ཁ་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོའམ་མཚོ་སྔོན་ཧོར་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་གོ་མི་རིགས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཟུར་པ་བསོད་ནམས་རྩེ་མོས་ཁ་བྱང་ལ་《སྐུ་ཞབས་པད་མ་ཆོས་གྲགས་ཀྱི་རིག་གཞུང་སྙིང་སྟོབས》ཞེས་པའི་རྗེས་དྲན་གཏམ་བཤད་ནང་དུ་འདི་ལྟར་ཁོང་ལ་གདེངས་འཇོག་བྱས་ཡོད་དེ།  “རིག་གཞུང་གི་རིན་ཐང་ནི་གསར་གཏོད་ཡིན་པས། གཞན་གྱི་ཟེར་སྒྲོས་སུ་འབྲངས་པ་ནི་ཆེས་འཛེམ་དགོས་པའི་གནད་ཡིན”ཞེས་པ་དང་།  ཁོང་གིས་ང་ཚོར“རྒྱུ་ཆ་གསར་བ་འདོན་པ་དང་གནད་དོན་གསར་བ་འདྲི་བ། ཁྱབ་ཁོངས་གསར་བར་སྙེག་པ། གཞུང་ལུགས་གསར་བ་འཛུགས་པ”ཞེས་པའི་རིག་གཞུང་ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ལམ་ཡིན་པ་བསྟན་ཡོད། 
          མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་སའོ་ཡི་ཞིབ་འཇུག་པ་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་ཚེ་མཁར་རྒྱལ་གྱིས་བཤད་རྒྱུར། “རྒན་ཁོང་ཉིད་བཞུད་སོང་རུང་། ཁོང་གིས་ང་ཚོར་སློབ་སྦྱོང་བྱེད་རྒྱུ་མང་བོ་བཞག་སོང་། ང་ཚོས་ཁོང་ནམ་ཡང་བརྗེད་མི་སྲིད”ཅེས་བཤད། གཞན་པད་མ་ཆོས་གྲགས་ལགས་ཀྱི་གྲོགས་པོ་དང་ལས་གྲོགས། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་མཁས་པ།ཀློག་པ་པོ་དང་དཔེ་སྐྲུན་ཁང་གི་འཐུས་ཚབ་མི་སྣ་སོགས་མི200ཉེ་བ་ཐེངས་འདིའི་རྗེས་དྲན་ཚོགས་འདུར་ཞུགས་ཡོད།
          པད་མ་ཆོས་གྲགས་ལགས་ནི་ཕ་ཡུལ་མཚོ་སྔོན་ལུང་མདོ་རྫོང་ནས་ཡིན་པའི་བོད་རིག་པའི་ཞིབ་འཇུག་ཕྱོགས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་་པའི་རྒྱ་རིགས་མཁས་པ་ཆེན་པོ་ཞིག་ཡིན་པ་མ་ཟད།རྒྱལ་ཁབ་རིམ་པའི་བྱས་རྗེས་གཟེངས་སུ་ཐོན་པའི་ཞིབ་འཇུག་པ་དང་། རྒྱལ་ཁབ་ཀྱི་དམིགས་བསལ་རོགས་སྐྱོར་ཐོབ་པའི་ཆེད་མཁས་པ།  སྐབས་བཞི་བའི་བོད་རིག་ཞིབ་འཇུག་ཇོ་མོ་གླང་མའི་གཟི་བརྗིད་རྟགས་མ་ཐོབ་མཁན་་གྱི་ཞིབ་འཇུག་པ་ཆེན་མོ་བཅས་ཡིན། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་དང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སོགས་ཀྱི་ལས་འགན་ཁུར་མྱོང་། ཁོང་གིས་གཙོ་བོར་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། མི་རིགས་གཞུང་ལུགས་དང་མིག་སྔའི་གནད་དོན་སོགས་ཀྱི་ཐད་སེམས་ཤུགས་བཏོན་ནས་ད་ལྟའི་བར་དཔྱད་རྩོམ160ལྷག་སྤེལ་ཡོད་ཅིང་།《ཀན་སུའུ་དང་མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ》《མཚོ་སྔོན་ནང་བསྟན་ལོ་རྒྱུས》《ཇོ་ནང་པ་རྒྱས་བཤད》《སྔ་འགྱུར་གསང་སྔགས་བསྟན་པའི་བྱུང་བ་གསལ་བའི་མེ་ལོང》《རྒྱ་བོད་མི་རིགས་ཀྱི་འབྲེལ་བའི་ལོ་རྒྱུས》སོགས་དཔེ་དེབ21པར་དུ་བསྐྲུན་ཡོད། དེའི་ཁྲོད《པཎ་ཆེན་སྐུ་ཕྲེང་བཅུ་བའི་རྒྱལ་གཅེའི་བསམ་བློ》རྒྱལ་ཡོངས་ཀྱི་“ལས་དོན་ལྔའི”གྲལ་དུ་ཚུད་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག