ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་བུད་མེད་སྦེ་གའི་འགྲན་བསྡུར་རུ་ཁག་ལ་བྱ་དགའ་ཨང་དང་པོ་གསུམ་དང་རུ་ཁག་གི་བྱ་དགའ་ཨང་དང་པོ་གཅིག་བཅས་ཐོབ་པ།

2019-05-09 འབྲུག་རྒྱལ་མཁར་གྱིས་བསྒྱུར།
          2019ལོའི་རྒྱལ་ཡོངས་U20པའི་རྒྱལ་སྤྱི་རང་བཞིན་གྱི་སྦེ་གའི་རྟིང་རྩོད་འགྲན་བསྡུར་དེ་ཟླ་5པའི་ཚེས་5ནས་ཚེས་10བར་ཧར་པིན་གྲོང་ཁྱེར་ནས་འགོ་ཚུགས། པེ་ཅིང་དང་ཀྲེ་ཅང་། ནང་སོག  ཧེ་ལུང་ཅང་སོགས་གྲོང་ཁྱེར་ནས་ཕེབས་པའི་འཐུས་ཚབ་རུ་ཁག་48ཀྱི་ལུས་རྩལ་བ་འགྲན་བསྡུར་འདིར་ཞུགས་ཡོད། 
          འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་བས་སྐྱེས་པའི་རུ་ཁག་གི་རང་དབང་སྦེ་ག་དང་སྐྱེས་པའི་རུ་ཁག་གི་གནའ་བོའི་སྦེ་ག   བུད་མེད་རུ་ཁག་གི་རང་དབང་སྦེ་ག་བཅས་རྣམ་གྲངས་གསུམ་པོ་སོ་སོའི་རིམ་པ་10ཡི་འགྲན་བསྡུར་ཁྲོད་འགྲན་རྩོད་བྱས། 
          རྒྱལ་ཡོངས་ནས་ཕེབས་པའི་ལུས་རྩལ་བ་800ལྷག་འགྲན་བསྡུར་ལ་ཞུགས་པ་དང་། ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་སྤྱིའི་སྦེ་ག་འགྲན་བསྡུར་གྱི་སྒྲིག་ལམ་ཆེས་གསར་བ་དེ་གཟབ་ནན་སྒོས་ལག་བསྟར་བྱེད་བཞིན་ཡོད།   འགྲན་བསྡུར་ལས་གཅིག་ཕམ་ཕྱིར་འབུད་དང་གཅིག་བསྐྱར་འགྲན་བྱེད་པའི་ལམ་ལུགས་ལྟར་འོས་བབ་འགྲན་བསྡུར་དང་།  བླང་དོར་གྱི་འགྲན་བསྡུར་བཅས་བརྒྱུད་དེ། རྒྱལ་བ་དེས་མུ་མཐུད་ནས་འགྲན་བསྡུར་བྱས་ཏེ་མཐའ་མར་མི་གཉིས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་དགོས།
          ད་ལྟ་མཇུག་རྫོགས་ཟིན་པའི་བུད་མེད་རང་དབང་སྦེ་གའི་རྣམ་གྲངས་ཁྲོད་དུ། རང་ལྗོངས་ཀྱི་ལུས་རྩལ་བ་མེ་ཏོག་ལྷ་སྐྱིད་དང་བསོད་ནམས་ལྷ་མོ། སྒྲོལ་མ་ལྷ་དགའ་བཅས་ལ་སྤྱི་རྒྱ་53དང་སྤྱི་རྒྱ་55། སྤྱི་རྒྱ་59རིམ་པའི་བུད་མེད་རང་དབང་སྦེ་ག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བསོད་ནམས་སྒྲོལ་མར་སྤྱི་རྒྱ་72རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་ལ། སངས་རྒྱས་སྒྲོལ་མར་སྤྱི་རྒྱ་59རིམ་པའི་ཨང་ལྔ་བ་ཐོབ་པ་དང་། གཡང་ལགས་ལ་སྤྱི་རྒྱ་76གི་རིམ་པའི་ཨང་བརྒྱད་པ་ཐོབ། བོད་ཀྱི་བུད་མེད་སྦེ་ག་འགྲན་བསྡུར་རུ་ཁག་ལ་སྐར་གྲངས་38ལོན་ནས་རུ་ཁག་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
          ཐེངས་འདིའི་འགྲན་བསྡུར་ནི་གཙོ་བོ་ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས་པ་ཡིན་ཏེ།  ཧེ་ལུང་ཅང་གྲོང་ཁྱེར་ལྗིད་པའི་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཁྲང་ཧྲིན་གྱིས་འགྲན་བསྡུར་ཡུལ་དངོས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བརྗོད་དོན། “རྒྱལ་ཁབ་ན་གཞོན་རུ་ཁག་གི་རུ་མི་ཚང་མ་འགྲན་བསྡུར་འདིར་ཞུགས་ཟིན་ལ། ལུས་རྩལ་བ་འདི་ཚོ་ནི་ཆེད་དམིགས་རྟོག་ཞིབ་དང་གསོ་སྐྱོང་བྱེད་ཡུལ་ཡིན།”ཅེས་ཟེར།
          མིག་སྔར་རང་ལྗོངས་ཀྱི་བུད་མེད་སྦེ་ག་འགྲན་བསྡུར་དེ་ནར་སོན་དང་ན་གཞོན།  ན་ཆུང་བཅས་ཀྱི་སྐས་རིམ་རུ་ཁག་གི་ལུས་རྩལ་རུ་མི་30ལྷག་ཡོད་ཅིང་། སྐས་རིམ་རུ་ཁག་གི་འཛུགས་སྐྲུན་ཅུང་ཆ་ཚང་བ་ཡིན།  ཉེ་བའི་ལོ་གཉིས་རིང་གི་ཐོབ་སྐར་ལ་བལྟས་ན།  ན་གཞོན་གྱི་ཁྱབ་ཁོངས་འདི་ཡར་རྒྱས་ཕྱིན་པ་ཧ་ཅང་མགྱོགས་ལ། ལྷག་པར་དུ་ད་ལྟ་མཇུག་སྒྲིལ་བའི་རྒྱལ་ཡོངས་U20ཡི་རྟིང་རྩོད་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད་དེ།  གསེར་གྱི་རྟགས་མ་གསུམ་དང་། ཟངས་ཀྱི་རྟགས་མ་གཅིག  རུ་ཁག་གི་བྱ་དགའ་ཨང་དང་པོ་བཅས་ཐོབ་ཡོད་ཅེས་རྩལ་སློབ་དགེ་རྒན་ལྷག་པ་ཚེ་རིང་གིས་དེ་ལྟར་བརྗོད་བྱུང་།
          ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་དང་2018ལོར་རང་ལྗོངས་ཀྱི་སྦེ་ག་འགྲན་བསྡུར་རུ་ཁག་གིས་U17ཡི་རྟིང་རྩོད་འགྲན་བསྡུར་ཁྲོད་རུ་ཁག་གི་བྱ་དགའ་ཨང་བཞི་བ་དང་ཨང་གཉིས་པ་བླངས་ཡོད།  ན་ཆུང་གཞོན་ནུའི་ཁྱབ་ཁོངས་འདི་རུ་ང་ཚོའི་བུད་མེད་སྦེ་ག་འགྲན་བསྡུར་གྱི་ཆུ་ཚད་སྤྱིའི་ཆ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད།
          ལྷག་པ་ཚེ་རིང་གིས་བརྗོད་དོན།  ཉེ་བའི་ལོ་གཉིས་གསུམ་རིང་གི་འགྲན་བསྡུར་གྱི་གནས་ཚུལ་དང་སྦྱོང་བརྡར་གྱི་གནས་ཚུལ་ལས།  ང་ཚོས་ལུས་རྩལ་རུ་མི་རྣམས་ཀྱི་ལུས་སྟེང་ནས་རེ་བ་མཐོང་བྱུང་ལ།  ལྷག་པར་དུ་ང་ཚོའི་བོད་ཀྱི་བུད་མེད་ལ་སེམས་ཤུགས་དང་ཧུར་བརྩོན་གྱི་སྙིང་སྟོབས་ལྡན་ཞིང་དཀའ་སྡུག་ཐེག་ཐུབ།   བྱ་དགའ་ལེན་པའི་གར་སྟེགས་ནས་མར་འོངས་པའི་སྐད་ཅིག་མ་དེ་ནས་བཟུང་ཚང་མ་གོམ་པ་དང་པོ་ནས་འགོ་བརྩམས་དགོས་པ་སྨོས་ཅི་དགོས།  ད་དུང་གོམ་པ་བརྟན་པོའི་ངང་རེ་རེ་བཞིན་ཡོང་དགོས་ཟེར།
          ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱེད་དོན།  ད་ནས་བཟུང་རང་ལྗོངས་ཀྱི་བུད་མེད་སྦེ་ག་འགྲན་བསྡུར་རུ་ཁག་གིས་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པར་གྲ་སྒྲིག་བྱེད་པ་གཙོ་བོར་འཛིན་དགོས་པ་དང་། མིག་སྔར་རུ་མི་12ལ་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་འགྲན་ཞུགས་ཆོག་མཆན་ཐོབ་ཡོད།  ཟླ་བ་གཉིས་ལྷག་གི་གྲ་སྒྲིག་དུས་ཚོད་ལས་མེད་ཅིང་།  རུ་མི་ཚང་མས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་།  སོ་སོ་ལ་རང་རང་གི་ཕུགས་བསམ་དང་དམིགས་འབེན་ཡོད། ང་ཚོ་རྩལ་སློབ་དགེ་རྒན་ཚོས་འགྲན་བསྡུར་གྱི་དུས་ཚོད་དང་ལོ་ན་རིམ་པ་གཞིར་བཟུང་ནས།   སྦྱོང་བརྡར་གྱི་ས་གནས་དང་། དེའི་དུས་ཚོད་དང་དུས་ཡུན་སོགས་བཀོད་སྒྲིག་བྱས་ཏེ།  རྟིང་རྩོད་འགྲན་བསྡུར་ཁྲོད་གྲུབ་འབྲས་སྔར་ལས་ལྷག་པ་ཞིག་ཐོབ་པར་འབད་དགོས་ཞེས་ཟེར།
འབྲེལ་ཡོད་རྩོམ་ཡིག