ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ཐོག་མ་དེ་བཙུགས་པ།

2019-05-15
            ཉེ་ཆར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ“སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག”བཙུགས་པ་དང་འབྲེལ་ལས་གནས་ཐོག་བསྐྱོད་དེ་ལས་འགན་སྒྲུབ་འགོ་ཡང་ཚུགས་པ་རེད། དེ་ནི་བོད་ལྗོངས་ཀྱིས་བཙུགས་པའི“སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག”ཐོག་མ་དེ་ཡིན་པ་དང་། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་འགན་འཁྲི་སྔར་བས་ཆེ་རུ་གཏོང་རྒྱུ་རེད། བྱེད་ཐབས་དེས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་སྒྲུབ་སྐབས། དཔང་རྟགས་འཚོལ་ཞིབ་བྱེད་དཀའ་བའི་གནད་དོན་རིམ་བཞིན་བསལ་ནས་བོད་ཀྱི་རི་སྔོན་ཆུ་དྭངས་ལ་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་པར་ངོ་བོའི་རང་བཞིན་གྱི་ཚད་བརྒལ་གསར་པ་ཞིག་ཡོང་རྒྱུ་རེད།
            ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཙུགས་པའི་སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ལ་ཁྱོན་མི་མེད་གནམ་གྲུ་4ཡོད་ཅིང་། སྐོར་ཞིབ་རུ་ཁག་དེ་བྲག་ཡིབ་ཆུས་སྲིད་ཁྲིམས་ཨུ་ལྷན་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ཅུས། རང་བྱུང་ཐོན་ཁུངས་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས། ནགས་ལས་རྩྭ་ཐང་ཅུས། ཞིང་ལས་གྲོང་གསེབ་ཅུས་བཅས་ཚན་པ་བརྒྱད་ལས་གྲུབ་པ་དང་། དེའི་འགན་འཁྲི་ནི་འཐུང་ཆུའི་ཆུ་འགོ་དང་། ས་རྒྱུ། གཏེར་ཁ། ནགས་ཚལ། རང་བྱུང་སྲུང་སྐྱོང་ཁུལ། གྲོང་གསེབ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པས། སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་། གཞུང་ཁོངས་ས་ཆ་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྐོར་ཞིབ་ཁྱབ་རྒྱ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆེ་རུ་འགྲོ་རྒྱུ་རེད།
            སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་མང་ཆེ་བ་ནི་ཁྲིམས་འགལ་ངང་ས་ཆ་བཟུང་བ་དང་ནགས་ཚལ་ལ་གཏོར་བཤིག་གཏོང་བ་སོགས་དང་འབྲེལ་བ་ཡོད། དཔང་རྟགས་འཚོལ་ཡུལ་རྒྱ་ཆེ་བ་དང་བོངས་ཚད་ཆེ་བས་སྲོལ་རྒྱུན་གྱི་པར་ལེན་བྱེད་ཐབས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་དཔང་རྟགས་འཚོལ་བའི་དགོས་མཁོ་སྐོང་ཐབས་བྲལ་ཡོད། བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་མི་མེད་གནམ་གྲུའི་པར་ལེན་ལག་རྩལ་སྤྱད་དེ་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞིར་བརྟག་དཔྱད་དང་དཔང་རྟགས་འཚོལ་རྒྱུར་རམ་འདེགས་བྱས་ནས“ཞིབ་དཔྱོད་དང་མི་མེད་གནམ་གྲུ་ཟུང་དུ་སྦྲེལ་བའི”གྱོད་གཞི་ཞིབ་གཅོད་བྱེད་ཐབས་གསར་པ་སྤྱོད་འགོ་ཚུགས་ཡོད།
            བྲག་ཡིབ་ཅུས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུར་ཁྱབ་རྒྱ་ཆེ་བ་དང་། གནད་སྨིན་གནས་ངེས། མཁའ་ཐོག་ནས་ཕྱོགས་བསྡུས་པར་ལེན། ཡུལ་ལྗོངས་ཧྲིལ་པོ་བཤར་འབེབས་སོགས་ཀྱི་ལེགས་ཆ་མང་པོ་ཞིག་ལྡན་ཡོད། མི་མེད་གནམ་གྲུའི་མཁའ་ཐོག་ནས་པར་ལེན་ལག་རྩལ་སྤྱད་དེ་སྤྱི་ཕན་གཏུག་བཤེར་གྱོད་གཞིར་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་དཔང་རྟགས་འཚོལ་ཞིབ་བྱས་ནས་ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་ཁྱད་བསད་བྱས་པ་དང་། ཁྲིམས་འཛིན་ཐོ་འགོད་ཡོ་བྱད་དང་པར་ཆས་སྤྱད་དེ་དཔང་རྟགས་འཚོལ་ཞིབ་བྱེད་པའི་གནད་དོན་མང་པོ་ཐག་གཅོད་བྱས་པས་གྱོད་གཞིའི་དཔང་རྟགས་འཚོལ་ཞིབ་ཀྱི་གོ་ཆོད་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག