ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བདེ་མཆོག་གྲོང་ཚོའི“སྡོད་ཁང་རབས་ལྔ་པ”

2019-07-12
མངའ་རིས་ཀྱི“མཐའ་མཚམས་གྲོང་ཚོ་དང་པོའི”འཕོ་འགྱུར་གྱི་དཔང་པོར་གྱུར་པ།
འདི་ནི་བདེ་མཆོག་གྲོང་ཚོའི་མང་ཚོགས་སྤོ་གྲབས་ཡོད་པའི“རབས་ལྔ་པའི”སྡོད་ཁང་གསར་པའི་བཟོ་དབྱིབས་ཡིན་པ།
             ཉེ་ཆར། སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོར་བཀྲ་ཤིས་པའི་གཏམ་བཟང་ཞིག་ཁྱབ། དེ་གའི་མང་ཚོགས་བོད་བཟོ་དང་རྒྱ་བཟོ་ཟུང་དུ་འབྲེལ་བའི་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཡོད་པའི་དེང་རབས་ཅན་གྱི་སྡོད་ཁང་ནང་སྤོ་རྒྱུ་རེད། འདི་ནི་བདེ་མཆོག་གྲོང་ཚོའི་མཐའ་མཚམས་སྲུང་མཁན་མང་ཚོགས་ཀྱི་སྡོད་ཁང“རབས་ལྔ་པ”རེད། སྡོད་ཁང་རྙིང་པ་དང་སྡོད་ཁང་གསར་པ་དེ་དག་གིས་མེས་རྒྱལ་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་མཚོན་པའི་བསྡུས་རིས་ལྟར་དུས་རབས་ཀྱི་ཟིན་ཐོ་བཀོད་པ་དང་འཕོ་འགྱུར་འགྲོ་ཚུལ་བརྗོད་བཞིན་ཡོད། 
             སྡོད་ཁང་ལེགས་སུ་ཕྱིན་པ་ནས་ཏང་གིས་ཐུགས་ཁུར་གནང་ལུགས་མཚོན་པ།
             བདེ་མཆོག་གྲོང་ཚོ་སེང་གེ་ཁ་འབབ་ཀྱི་སྨད་རྒྱུད་དུ་ཆགས་པ་དང་བདེ་མཆོག་གྲོང་ཚོ་ནི་མི་ཚང་མས་ཤེས་པའི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྲོལ་གཏོད་ས་དང་དཔེ་མཚོན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོས“བོད་ནུབ་ཀྱི་ལྟེ་གནས། ཏང་འཛུགས་སྐྱོང་གི་གདོང་ལེན་པའི”སྤུས་རྟགས་གཏོད་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་སྟེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ་དང“མཐའ་མཚམས་གྲོང་ཚོ་དང་པོ”འཛུགས་སྐྲུན་ཧུར་ཐག་བྱས་པ་བརྒྱུད་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་ཡོད། 
             1984ལོའི་གོང་གི“རབས་དང་པོའི”སྟབས་བདེའི་རྡོ་རྩིག་ཁང་པ་དང་། 1990ལོར་སྲིད་འཛིན་གྲོང་ཚོ་འཛུགས་པའི་སྐབས་སུ་བསྐྲུན་པའི“རབས་གཉིས་པའི”ས་ཕག་ཁང་པ། 2006ལོར་བསྐྲུན་པའི“རབས་གསུམ་པའི”བདེ་སྡོད་ཁང་པ། 2012ལོར་བསྐྲུན་པའི“རབས་བཞི་པའི”ཨར་འདམ་ལྕགས་རྩིབས་མའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་སྒོ་ར་ཅན། འདི་ལོ་མང་ཚོཌ་སྤོ་གྲབས་ཡོད་པའི“རབས་ལྔ་པའི”སྡོད་ཁང་གསར་པ་བཅས་ལས་ང་ཚོས་མངའ་རིས་ཀྱི“མཐའ་མཚམས་གྲོང་ཚོ་དང་པོའི”འགྱུར་ལྡོག་གསར་པ་མཐོང་ཐུབ་ལ། མཐའ་མཚམས་མང་ཚོགས་ཀྱི་རྒྱུན་ཆད་མེད་པར་ཆེ་རུ་སོང་བའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་གང་ལེགས་ཚོར་ཐུབ། 
             བདེ་མཆོག་གྲོང་ཚོ་1990ལོར་སྲིད་འཛིན་གྲོང་ཚོར་དངོས་སུ་གཏན་འཁེལ་བྱས་པ་རེད། 1984ལོའི་གོང་གི་བདེ་མཆོག་གྲོང་ཚོའི་རྒྱུད་དུ་དུད་ཚང་3ལས་མེད། 1984ལོར་མཐའ་མཚམས་དོ་དམ་དང“ས་སྲུང་མཐའ་བརྟན”དེ་བས་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་དང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ། སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་ཀྱིས་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོ་ནས་ཆེད་མངགས་དུད་ཚང་5ཡི་མི་24བདམས་ནས་བདེ་མཆོག་ལ་སྤོ་རུ་བཅུག་པ་དང་1985ལོར་དེའི་ཁྲོད་ཀྱི་དུད་ཚང་3མཁའ་རླུང་མི་འཕྲོད་པ་སོགས་ཀྱིས་རྐྱེན་པས་རྒྱ་སྨུག་གྲོང་ཚོར་ཕྱིར་ལོག་བྱས་པ་རེད། 1990ལོར་རྒྱ་སྨྱུག་གྲོང་ཚོ་ནས་དུད་ཚང་9བདེ་མཆོག་གྲོང་ཚོར་སྤོས་ནས་མཐའ་མཚམས་བསྲུངས་པ་དང་སྐབས་དེ་དུས་ལས་སྒྲུབ་ཚོགས་ཆུང་2ལས་མེད། དེའི་ནང་ཚོགས་ཆུང་དང་པོར་དུད་ཚང6དང་ཚོགས་ཆུང་གཉིས་པར་དུད་ཚང་9ཡོད། 
             མཐའ་སྲུང་མཐའ་བརྟན་ཐོག་ནས་ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་མཐོང་ཐུབ།
             བདེ་མཆོག་གྲོང་ཚོའི་མཐའ་སྲུང་མཐའ་བརྟན་གྱི་སྲོལ་རྒྱུན་བཟང་པོ་དེ་སྐར་མ་ཚེ་རིང་ཟེར་བའི་བགྲེས་སོང་ཞིག་ནས་འགོ་བཙུགས་ཏེ་བརྗོད་དགོས། 
             1984ལོར་སྐར་མ་ཚེ་རིང་དང་ཁོང་གི་བཟའ་ཟླ་དང་དེ་བཞིན་དུད་ཚང་གཞན་དག་བཞིའི་ནང་མིས་སྲིད་གཞུང་གི་གསར་སྦོལ་མཐའ་སྲུང་གི་འབོད་སྐུལ་དང་ལེན་བྱས་ཏེ་ལམ་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པའི་རྒྱ་སྨུག་གྲོང་ཚོ་ནས་བདེ་མཆོག་གྲོང་ཚོར་སྤོས་ཏེ་དེ་གར་གཞིས་ཆགས་པ་རེད། འོན་ཀྱང་ཡུན་རིང་མ་སོང་བར་དུད་ཚང་གཉིས་ཀྱི་མང་ཚོགས་ཀྱིས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་དཀའ་ཚེགས་ཆེ་བའི་འཚོ་བ་བཟོད་བསྲན་མི་ཐུབ་པར་རྒྱ་སྨུག་གྲོང་ཚོར་ཕྱིར་ལོག་བྱས་པས། དེར་སྐར་མ་ཚེ་རིང་དང་ཁོང་གི་གཅུང་མོ་བསོད་ནམས་ལྷ་མོ་གཉིས་ཀྱི་ནང་མི་ལས་ལྷག་མེད། 
             དེ་ནས་ལོ་ཤས་སོང་རྗེས་སྐར་མ་ཚེ་རིང་དང་ཁོང་གི་གཅུང་མོའི་ནང་མི་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ཏེ་རྡོ་ཧྲུག་གིས་ཁེངས་པའི་ས་རྒོད་སློག་པ་དང་བར་མཚམས་མེད་པའི་རླུང་ཆེན་ཁྲོད་སྟབས་བདེའི་ཁང་པ་བརྒྱབ་པ་སོགས་བྱས་ནས་མཐར་མི་མེད་ལུང་སྟོང་གི་བདེ་མཆོག་གྲོང་ཚོར་སྙིང་རུས་ཆེན་པོས་གཞིས་ཆགས་པ་རེད། 1990ལོར་སླར་ཡང་དུད་ཚང་9དེ་གར་སྤོས་ནས་བདེ་མཆོག་ལ་གཞི་ནས་གྲོང་ཚོའི་རྣམ་པ་ཞིག་ཆགས་པ་རེད། 
             ཕྱིས་སུ་སྐར་མ་ཚེ་རིང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་1990ལོ་ནས་1996ལོ་བར་ཁོང་གིས་བདེ་མཆོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས་པ་རེད། མཐའ་མཚམས་སུ་ཕྱུགས་འཚོས་ནས་སྐོར་གཡེང་བྱེད་པ་དེ་ཁོང་གི་ངོས་ནས་བརྗོད་ན་རྒྱུན་གཏན་གྱི་བྱ་བ་ཞིག་རེད། ཁོང་གི་རྐང་རྗེས་ཀྱང་མཐའ་མཚམས་རྒྱུད་ཀྱི་ས་ཕྱོགས་གང་སར་བཞག་ཡོད། ཁོང་གིས་ཕྱི་རོལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་བུ་མོ་2ཕུད། མི་གཞན་དག་ཁྱིམ་ཚང་འཛིན་དགོས་ན་ངེས་པར་དུ་མག་པ་ལེན་དགོས་པའི་ཁྱིམ་སྲོལ་ཞིག་བཙུགས་ཡོད། དེར་བརྟེན་ཁོང་གི་བུ་གཅིག་པུ་དེའང་ས་ཆ་དེ་རང་དུ་ཁྱིམ་ཚང་འཛིན་པ་དང་ཁོང་གི་བུ་ཕྲུག་6གིས་བདེ་མཆོག་གྲོང་ཚོར་ཁྱིམ་ཚང་6ཁ་སྣོན་བྱས་ཡོད། 
             ད་ཆ་བདེ་མཆོག་གྲོང་ཚོའི་མང་ཚོགས་ཀྱིས་རང་མོས་དང་ཁེར་རྐྱང་ངང་མེས་རྒྱལ་གྱི་མཐའ་མཚམས་སྲུང་དགོས་མེད། “ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་སྒྲིག་འཛུགས་འོག་གྲོང་ཚོས“དཔུང་རྟགས་དམར་པོའི་སྐོར་གཡེང་རུ་ཁག”བཙུགས་ཡོད། 
             གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མཐོང་ཐུབ། 
             དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་བདེ་མཆོག་གྲོང་ཚོས་2016ལོ་ནས་བཟུང་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་འབྲོག་དུད(དུད་ཚང་དབུལ་པོ)བཅས་ཟུང་འབྲེལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་ལག་བསྟར་བྱས་པ་དང་གྲོང་ཚོའི་ཏང་ཀྲི་པུས་འགོ་ཁྲིད་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་མང་ཚོགས་ལས་གྲྭ་འཛུགས་སྐྲུན་དང་ངལ་ནུས་ཕྱིར་གཏོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། 2017ལོར་མཉམ་ལས་ཁང་གིས་ངལ་ནུས་ཕྱིར་གཏོང་བྱས་ནས་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་བ་དང་མང་ཚོགས་ལ་ཆ་སྙོམས་བགོ་འགྲེམས་སྒོར་2000ལྷག་ཙམ་བརྒྱབ་སྟེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་11གི་མང་ཚོགས་དབུལ་པོ་50དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་བྱས་པས་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད། 
             ད་ཆ་གྲོང་མི་དབང་གྲགས་ཀྱི་སྡོང་ཕྲུག་3000ནང་ནས་མང་ཆེ་བ་གསོན་ཐུབ་སྟེ་དེ་གོང་གི་སྡོང་ཕྲུག་རིང་ཚད་ལི་སྨི་བཅུ་གྲངས་ནས་ད་ལྟའི་སྨི་བཅུ་གྲངས་ཟིན་པའི་ལྗོན་ཤིང་ཆེན་པོ་ཞིག་ཏུ་འཚར་ཡོད། 
             “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་རྡལ”དང“རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དཔེ་སྟོན་གྲོང་ཚོ”དང་། མཐའ་མཚམས་སྲ་བརྟན་དང་། དཔལ་འབྱོར་དར་རྒྱས། སྣོད་བཅུད་བཟང་བ། མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཡིན་པའི་བདེ་མཆོག་གྲོང་ཚོ་དེ་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་འོག་ག་ལེར་ཤར་བའི་ཉི་གཞོན་ལྟར་བོད་ལྗོངས་ས་མཐོར་ཡིད་དབང་འཕྲོག་པའི་འོད་སྣང་སྦྱིན་བཞིན་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག