ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པུ་ཧ་གཙང་བོ་རྒྱལ་ཁབ་བརླན་སའི་སྤྱི་གླིང་གིས་ཡུལ་ལ་ལྗང་མདོག་དང་མང་ཚོགས་ལ་ཡོང་སྒོ་བསྐྲུན་བྱུང་།

2019-08-05 ཐུབ་བསྟན།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས1ཉིན།ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་འབྱོར་བྱུང་།
             ཆུ་འགོ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ནས་མཆེད་ཅིང་།མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་མ་ཡུམ་ཆུ་བོར་འབོད་པའི་པུ་ཧ་གཙང་བོ་ནི་རྫོང་དེའི་ཤར་ལྷོའི་མཚམས་ནས་དལ་གྱིས་བཞུར་བཞིན་ཡོད་ཅིང་།ཆུ་གཞུང་རིང་མོ་འདིའི་བཞུར་ཁོངས་སྐྱེ་ཁམས་མ་ལག་ལ་སྔར་ལས་སྲུང་སྐྱོང་བྱ་བའི་ཆེད་དུ་ཐེམ་ཆེན་རྫོང་གིས་པུ་ཧ་གཙང་བོ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དེ་རུ་བཙུགས།སྤྱི་གླིང་དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་ཆུ་རྒྱུན་གྱི་བརླན་ས་ཡིན་ཞིང་།ལྷོ་བྱང་གི་བར་ལ་ཆ་སྙོམས་ཞེང་ཚད་སྤྱི་ལེ1.0དང་།ཤར་ལྷོའི་བར་ལ་སྤྱི་ལེ62.5དང་།སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང7133.97ཡོད། དེའི་ཁྲོད་བརླན་སའི་རྒྱ་ཁྱོན་སྤྱི་ཆིང6889.57ཟིན།
རྔམ་བརྗིད་ལྡན་པའི་པུ་ཧ་གཙང་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་།
             པུ་ཧ་གཙང་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་མ་བཙུགས་སྔོན་དུ།ཆུ་བོའི་འགྲམ་རྒྱུད་ལ་གྲམ་ཐང་གི་རྣམ་པ་མངོན་ཡོད་པས་མཐའ་འཁོར་དུ་མཛེས་ལྗོངས་སོགས་མང་པོ་མཐོང་རྒྱུ་མེད་མོད།འོན་ཀྱང་།རྒྱལ་ཁབ་བརླན་སའི་སྤྱི་གླིང་བཙུགས་པ་དང་བསྟུན་ནས་རིམ་གྱིས་སྡོང་འཛུགས་ནགས་སྐྲུན་དང་བཞུར་ཁོངས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་ད་ལྟ་སྤྱི་གླིང་དེ་ནི་ལྗོན་ཤིང་རབ་ཏུ་འཁྲུགས་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཏེ་འདབ་ཆགས་དང་རི་དྭགས་སྣ་ཚོགས་འཁོར་ཞིང་།མི་རྣམས་ལྟད་མོར་ཕེབས་ཆོག་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད།  
པུ་ཧ་གཙང་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་།
             ང་ཚོ་སྤྱི་གླིང་གི་ཉེ་འགྲམ་དུ་ཐོན་དུས་མི་མང་པོ་ཞིག་གིས་སྤྱི་གླིང་ལ་གཙང་སྦྲ་བྱེད་བཞིན་ཡོད། རྒྱུས་ལོན་བྱས་པ་ན། ཁོ་ཚོ་ནི་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ནས་ཐོན་པའི་བརླན་སའི་སྤྱི་གླིང་བདག་སྐྱོང་རུ་ཁག་ཡིན་ཞིང་།ཁོ་ཚོས་ལོ་ཟླ་ཁོར་མོ་ཡུག་ཏུ་དལ་ལྷོད་མེད་པར་བརླན་སའི་སྤྱི་གླིང་དུ་གཙང་སྦྲ་བྱེད་བཞིན་འདུག་ལ།ཁོ་ཚོ་ནི་ཤེས་ཡོན་གྲོང་བརྡལ་གྱི་དབུལ་ཁྱིམ་དག་ལས་མི་གཅིག་རེ་བརླན་སའི་སྤྱི་གླིང་སྲུང་སྐྱོབ་མཁན་དུ་བསྐོས་པའི་ཁྱིམ་ཚང་དག་གི་མི་ཡིན་ཞིང་།ཁོ་ཚོས་ཟླ་རེར་ཟླ་ཕོགས་སྒོར1300ལོངས་སུ་སྤྱོད་བཞིན་ཡོད་པས།བརླན་སའི་སྤྱི་གླིང་གི་ཁོར་ཡུག་ལ་འབག་བཙོག་ཐེབས་སུ་མི་འཇུག་པའི་ལས་འགན་ཁུར་ཡོད། 
             ཤེས་ཡོན་གྲོང་རྡལ་གྱི་སྡེ་མི་རྡོ་ལོག་རྒྱལ་གྱིས “པུ་ཧ་གཙང་བོ་ནི་མཚོ་སྔོན་པོའི་ཆུ་ལག་གཙོ་བོ་ཡིན་པས་མཚོ་སྔོན་པོར་གཅེས་འདོད་ན་པུ་ཧུ་ཆུ་བོའི་བཞུར་ཁོངས་ལ་སྲུང་སྐྱོང་བྱ་དགོས་པ་དང་།རྒྱལ་ཁབ་བརླན་སའི་སྤྱི་གླིང་གིས་ང་ཚོར་ཡོང་སྒོ་ཁྱེར་ཡོང”ཞེས་བཤད་པ་ནང་བཞིན།ཤེས་ཡོན་གྲོང་རྡལ་གྱི་རུ་ཁག12པོའི་མི80ལྷག་ཚོ་ཆུང་བཅུ་ཕྲག་ལྷག་བགོས་ཏེ་དགུན་ཁ་སྔ་དྲོའི་དུས་ཚོད9པ་ནས་དགོང་མོའི་དུས་ཚོད7ཡས་མས་ལ་རང་གི་མངའ་ཁོངས་སྐོར་སྲུང་བྱས་ཏེ།འཕྲོ་མའི་རུ་ཁག་ལ་རྩིས་སྤྲོད་བྱས་པ་ཡིན་ཞིང་།དབྱར་ཁར་སྔ་དྲོའི་ཆུ་ཚོད8ནས་དགོང་མོའི་ཆུ་ཚོད7ཡས་མས་ལ་སྐོར་སྲུང་བྱས་རྗེས་འཕྲོ་མའི་རུ་ཁག་ལ་རྩིས་སྤྲོད་བྱེད་བཞིན་ཡོད།དེ་མིན་ཉ་ལས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཀྱང་ཉིན་རྒྱུན་སྐོར་ཞིབ་བྱེད་བཞིན།ཆུ་བོ་སྲབ་སར་ལྷུང་ནས་ཆུ་ཆེན་དུ་རྐྱལ་མ་ཐུབ་པར་ལུས་པའི་ཉ་རིགས་ཡོད་མེད་ལ་བལྟས་ཏེ།གལ་ཏེ་ཡོད་ན་ངེས་པར་དུ་མི་སྣ་རྩ་འཛུགས་ཀྱིས་གསེར་ཉ་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད། 
             གཟའ་འཁོར་རེ་རེའི་གཟའ་ཕུར་པའི་ཉིན་མོར་ཤེས་ཡོན་གྲོང་རྡལ་ཁོ་ན་མ་ཡིན་པའི་མཁར་དམར་གྲོང་རྡལ་དང་།གཡང་ཁེངས།ཅོང་ཆུ་གྲོང་རྡལ་སོགས་ཀྱི་མི་མང་པོའང་འདུས་ཏེ་བརླན་སའི་སྤྱི་གླིང་ལ་གཙང་སྦྲ་བྱས་པ་ཡིན་ཞིང་།དུས་རྒྱུན་དུ་བརླན་སའི་སྤྱི་གླིང་ལ་སྲུང་སྐྱོང་བྱེད་མཁན་དེ་ཤེས་ཡོན་གྲོང་རྡལ་གྱི་དབུལ་ཁྱིམ་རྣམས་ཀྱི་མི་ཡིན་པ་བཤད་མ་དགོས།རུ་ཁག་སོ་སོར་རྩིས་སྤྲོད་བྱ་དགོས་པའི་ལས་ཀ་གཙོ་བོ་ནི།སྤྱི་གླིང་གི་ཉེ་འཁོར་གྱི་ལྕགས་ར་ལ་ཆད་སྐྱོན་ཡོད་མེད་དང་།སྡོང་པོ་གཅོད་འབྲེག་བྱས་ཡོད་མེད། ལྟ་གཟིགས་སྟེགས་བུ་ལ་ཆག་སྐྱོན་བྱུང་མེད།གཞན་གྱིས་གསེར་ཉ་འཛིན་གྱི་ཡོད་མེད་སོགས་ཡིན། 
ནགས་ལས་བདག་སྐྱོང་པས་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་གཙང་སྦྲ་བྱེད་བཞིན་པའི་རྣམ་པ།
             གཞན་ཡང་།ཤེས་ཡོན་གྲོང་རྡལ་རུ་ཁག10པའི་སྡེ་མི་སྲས་ཆེན་རྒྱལ་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར། ཁོ་ནི་བཟའ་ཚང་དང་བུ་ཕྲུག་མེད་པའི་མི་རྐྱང་ཞིག་ཡིན་པས། ཁྱིམ་ཚང་གི་ཡོང་སྒོའང་རང་ཉིད་གཅིག་པུ་ལ་བརྟེན་དགོས་པས།འཚོ་བར་དཀའ་ཚེགས་ཅུང་ཆེ་མོད། ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལ་ཁོ་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་རྫོང་ཐོག་ཏུ་གཟིགས་སྐྱོང་ཁང་པ་སྦྱིན་པར་མ་ཟད།རྒྱལ་ཁབ་བརླན་སའི་སྤྱི་གླིང་སྲུང་སྐྱོབ་པའི་ཁྲོད་དུའང་བཞག་པས། ད་ལྟ་ང་ལ་རང་ཉིད་ཀྱིས་སྒྲུབ་ནུས་པའི་ལས་ཀ་ཡོད་པར་གྱུར་ལ།དེ་མིན་ཟླ་རེར་ཟླ་ཕོགས་སྒོར1300རེ་ལེན་ཐུབ་པས།མི་སྒེར་གྱི་འཚོ་བའི་གནས་བབ་ཇེ་ལེགས་སུ་སོང་ཡོད་ཅེས་གསར་འགོད་པར་བཤད། 
             རྒྱུས་ལོན་པ་ལྟར་ན།པུ་ཧ་གཙང་བོའི་ནང་དུ་མཚོ་སྔོན་པོའི་གསེར་ཉའི་ཁ་ཟས་ལ་འཚམས་པའི་སྐྱེ་དངོས་ཆུང་བའི་རིགས་འཛོམས་པོ་ཡོད་ལ།ཆུའི་ནང་གི་རྡོ་ཡང་རྩིབ་རྡོའི་རིགས་མིན་པས།ལོ་རེའི་ཟླ5པ་ནས་ཟླ8པའི་བར་མཚོ་སྔོན་པོའི་ནང་གི་གསེར་ཉ་སྒོ་ང་གཏོང་བའི་དུས་ལ་སླེབས་སྐབས།པུ་ཧ་ཆུ་བོའི་ལྡོག་ཕྱོགས་ནས་ཡར་རྐྱལ་ཡོང་སྟེ།ཉ་སྒོ་ང་གཏོང་ཐུབ་པས་གསེར་ཉའི་སྐྱེ་རྒྱུན་འཕེལ་བ་དེས་མཚོ་སྔོན་པོའི་སྐྱེ་ཁམས་སྣ་མང་རང་བཞིན་ལ་དོན་སྙིང་གལ་ཆེན་ལྡན། 
             པུ་ཧ་གཙང་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཙུགས་པ་དེས་པུ་ཧ་ཆུ་བོའི་བཞུར་ཁོངས་སྔར་ལས་ལྗང་མདོག་ལྡན་པས་ས་ཆུ་སྲུང་འཛིན་གྱི་ནུས་པ་ཐོན་ཞིང་།མཚོ་སྔོན་ཁྲི་ཤོག་རྒྱལ་མོ་སྔར་ལས་རྒྱས་པར་མཛད་མཐའ་མེད་པའི་ཆུ་རྒྱུན་སྩོལ་བཞིན་ཡོད་པར་མ་ཟད།བརླན་སའི་སྤྱི་གླིང་སྲུང་སྐྱོབ་བྱེད་པའི་ཡུལ་དེའི་འབྲོག་པ་མང་ཚོགས་ལ་ཡོང་སྒོའང་བསྐྲུན་ཡོད།
འབྲེལ་ཡོད་རྩོམ་ཡིག