ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ལྷོ་ཁས་སྤུས་ཚད་མཐོ་ཤོས་ཀྱི“གཉིས་གཏོད”འཕེལ་རྒྱས་གླེང་སྟེགས་གཉེར་བ།

2019-08-14 བཀྲ་རྒྱལ་གྱིས་བསྒྱུར།
——བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ལ་སྒོ་བྱང་བཀལ་བ། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཡར་ཀླུང་གི་དབྱར་གཞུང་དུ་ས་གཞི་ཆེན་མོར་ཉི་འོད་རབ་ཏུ་འཚེར་ལ།  ལྗང་མདོག་གི་གཡུ་ལོ་ནི་གཙང་བོའི་འབབ་རྒྱུན་དུ་ཐགས་སུ་བཀྲ་ཞིང་གསོན་ཉམས་ཀྱིས་ཁེངས་འདུག 
           ཉེ་ཆར“གསར་གཏོད་ལས་གཏོད་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་། སྤུས་ཚད་མཐོ་ཤོས་ཀྱི་སྒོ་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“2019ལོའི་བོད་ཁུངས་ལྷོ་ཁའི་སྤུས་ཚད་མཐོ་ཤོས་ཀྱི་གསར་གཏོད་ལས་གཏོད་འཕེལ་རྒྱས་གླེང་སྟེགས”བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་བློ་གྲོས་ཀུན་གཏོད་བར་མཐོངས་སུ་གཉེར་བ་དང་། གསར་གཏོད་དང་ལས་གཏོད་རྣམ་པའི་ཁེ་ལས་མང་པོ་མཉམ་དུ་འཛོམས་ནས་ཕན་ཚུན་བར་ཉམས་མྱོང་སྤེལ་རེས་དང་འཕེལ་རྒྱས་ཐད་ཐུན་མོང་ཐོག་བསམ་ཕྱོགས་བརྗེ་རེས་གནང་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་ཚན་པ་ཁག་གི་འབྲེལ་ཡོད་འགན་འཁུར་བ་དག་གདན་ཞུ་གནང་པ་ལྟར་གཅིག་རྗེས་གཉིས་མཐུད་ངང་ཚོགས་འདུར་ཞུགས་ཏེ་རྒྱ་ཆེའི་གཞོན་ནུ་ལས་གཏོད་པ་དང་ལས་གཏོད་ཁེ་ལས་ལ་སེམས་ཤུགས་འཕེལ་བར་བྱས་ནས་རོགས་རམ་དང་རྒྱབ་སྐྱོར་གནང་པ་དང་། གླེང་སྟེགས་ཀྱི་ཉིན་དེར་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ཀྱང་དེ་གར་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་འགོ་ཚུགས་པ་རེད། 
པར་འདི་ནི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ལ་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་འགོ་ཚུགས་པ་རེད།
           ད་ཐེངས་ཀྱི་འཕེལ་རྒྱས་གླེང་སྟེགས་ཀྱི་གཙོ་སྒྲུབ་མཁན་ཡིན་པའི་ངོས་ནས། བློ་གྲོས་ཀུན་གཏོད་བར་མཐོངས་ཀྱིས་ལྷོ་ཁའི་གསར་གཏོད་ལས་གཏོད་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཁྲོམ་རའི”རྩ་གནད་དེར་དམིགས་ནས་ལྷོ་ཁའི་གཉིས་གཏོད་འཕེལ་ཕྱོགས་ཀྱི་སྙན་ཞུ་ཕུལ་བ་མ་ཟད། “བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས”འཆར་འགོད་འཛུགས་སྐྲུན་བྱ་རྒྱུའི་ཐད་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་འགྲེལ་བཤད་ཞིབ་ཕྲ་གནང་ཞིང་། བློ་གྲོས་ཀུན་གཏོད་བར་མཐོངས་སུ་གཞི་སྡོད་གནང་པའི་ཁེ་ལས་བཅུ་ཙམ་གྱི་འབྲེལ་ཡོད་འགན་འཁུར་བས་ཀྱང་ཐོན་རྫས་ཀྱི་ལེགས་ཆ་དང་མདུན་ལྗོངས་ཀྱི་དངོས་བབ། ལག་རྩལ་གསར་གཏོད། ཚོགས་པ་འཛུགས་སྐྲུན་སོགས་ཀྱི་ཐད་མཉམ་སྤྱོད་སྤེལ་རེས་གནང་པ་དང་འབྲེལ“སྤུས་ཚད་མཐོ་ཤོས་ཀྱི་འཐབ་ཇུས་དང་མཉམ་ལས་གྲོས་མཐུན”བཞག་ནས་གཅིག་སྡུད་ཐོག“ཁྲོམ་ར་གསར་གཏོད”ལ་དམིགས་ནས་འཐབ་ཇུས་གཉེར་སྐྱོང་ལ་མཉམ་ལས་གནང་པ་དང་། དེའི་རྗེས་སུ“ལྷོ་ཁའི་གསར་གཏོད་ལས་གཏོད་སྤུས་ཚད་མཐོ་ཤོས་ཀྱི་སྐོར་སྐྱོད་གཉེར་སྐྱོང་བྱེད་པའི”རྣམ་གྲངས་ལ་དངོས་སུ་དར་ཆ་སྤྲད་པ་རེད། 
           “ཐེངས་འདིའི་གླེང་སྟེགས་ཐོག་བཞག་པའི་འཐབ་ཇུས་གཉེར་སྐྱོང་མཉམ་ལས་རྣམ་གྲངས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆེན་སློབ་མའི་ལས་གཏོད་པ་དང་གཞོན་ནུ་ལས་གཏོད་པ། ཁེ་ལས་ཆུང་གྲས། གསར་ཐོན་སྤུས་རྟགས་བཅས་ཀྱི་གསར་གཏོད་ལས་གཏོད་པར་སེམས་ཤུགས་བསྩལ་ནས་ལྷོ་ཁ་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད”ཅེས་བློ་གྲོས་ཀུན་གཏོད་བར་མཐོངས་ཀྱི་འགན་ཁུར་པས། རིམ་པ་རྗེས་མར་ཀུན་གཏོད་བར་མཐོངས་ཀྱིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོམ་རའི་ཁྱབ་གདལ་ཉོ་ཚོང་ལྟེ་གནས་ཀྱི་ལྟེ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲོམ་རའི་བྲིན་ཚོང་གཉེར་སྐྱོང་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྣ་མང་ཅན་གྱི་ཁྲོམ་རའི་ཐབས་ལམ་རྒྱ་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་གནད་སྨིན་གཉེར་སྐྱོང་ལག་བསྟར་བཅས་བྱས་ཏེ་ལྷོ་ཁའི་གཉིས་གཏོད་ལྟེ་གནས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་བྱས་རྗེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།
           “ད་རེས་ཀྱི་འཕེལ་རྒྱས་གླེང་སྟེགས་ལ་ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ཕུལ་བྱུང་ལས་གཏོད་པ་དང་ལས་གཏོད་ཁེ་ལས་འདུས་ཡོད་ཅིང་། ལྷན་རྒྱས་ཡོངས་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་ཁེ་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན”ཞེས་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱ་ཆེའི་ལས་གཏོད་པའི་ཚོགས་པ་ནི་གསར་གཏོད་ལས་གཏོད་ཀྱི་གཙོ་ཤུགས་ཡིན་པའི་ངོས་ནས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཞབས་ཞུའི་ནང་དོན་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་གཉེར་སྐྱོང་ཁེ་ལས་འཕེལ་རྒྱས་མགྱོགས་པོ་བྱུང་པར་རོགས་རམ་བྱེད་དགོས་པར་ངོས་འཛིན་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག