ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

2019ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་197.32བཏང་བ།

2019-09-03 བཀྲ་ཤིས་རྒྱལ་གྱིས་བསྒྱུར།
པར་འདི་ནི་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་ཡུལ་དངོས་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསེར་མདོག་གི་སྟོན་ཟླ་བརྒྱད་པར། འོ་ཞོའི་དྲི་ཞིམ་ཕྱོགས་བཞིར་ཁྱབ་འདུག  ཟླ་8པའི་ཚེས་31ཉིན་2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་བྱེད་སྒོ་ལྷ་སར་གཟབ་རྒྱས་ངང་སྤེལ་བ་དང་། ཡུལ་དངོས་སུ་མིང་རྟགས་བཀོད་པའི་རྣམ་གྲངས་46ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་197.32བཏང་ཡོད་པ་རེད། 
             ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གན་འཇོག་མཛད་སྒོའི་ཐོག་རྣམ་གྲངས་31ལ་དངོས་སུ་མིང་རྟགས་བཀོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་143.27བཏང་བ། འདོད་བློའི་གན་འཇོག་རྣམ་གྲངས་15ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་54.05བཏང་བ། ཚོགས་སྟེགས་སུ་རྣམ་གྲངས་24ལ་མིང་རྟགས་བཀོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་122.86བཏང་བ་ཡོད་པ་རེད། 
             ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་དང“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་ཡང་ཡིན་པས་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་བཞིན་ཡོད་ཅིང་། ད་རེས་ཀྱི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས“ནང་དུ་འདྲེན་པའི”ཚོང་འགུགས་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། 
པར་འདི་ནི་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རེད།
             ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཙུགས་ནས་ཐོན་ལས་སྟོབས་ཆེན་ངང་བརྟན་པོས་འཕེལ་རྒྱས་གཏོང་པ་དང་ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ་སོགས་གཙོ་ཁྲིད་ཐོན་ལས་ལ་གྲུབ་འབྲས་གསར་པ་ཐོབ་ནས་བོད་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས“ཁྱད་ཆོས་ལྡན་པ་དང་གནས་སྣོལ་འཕེལ་རྒྱས”ཀྱི་འདུ་ཤེས་ལྟར་རྫོང(ཆུས)ཁག་གི་འཕེལ་རྒྱས་གཅིག་སྡུད་བྱས་ཐོག  ཕྱོགས་སྟོན་རང་བཞིན་དང་འཐབ་ཇུས་རང་བཞིན། རྒྱུད་ཁོངས་རང་བཞིན། སྔོན་བརྒལ་རང་བཞིན་བཅས་ཀྱི་འཆར་འགོད་ལག་བསྟར་བྱས་ནས་གླིང་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། 
             དངོས་ཡོད་སྟོབས་ཤུགས་ལྡན་ལ་དང་འདོད་མོས་ཡོད་པའི་ལྷ་སར་མ་འཇོག་ལས་གཏོད་བྱེད་མཁན་ཁེ་ལས་སྤུས་ལེགས་དེ་བས་མང་པོ་ནང་འདྲེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ནོར་སྲིད་ཀྱི་རོགས་སྐྱོར་དང་དངུལ་རྩའི་གཟིགས་སྐྱོང་། ཁེ་ལས་ཁྲོམ་རར་འདོན་རྒྱུར་རོགས་སྐྱོར། “གློད་སྡོམ་ཞབས་གསུམ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། 
             ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཐད་ཀར་མང་དུ་གཏོང་བའི་དབུལ་སྐྱོར་རང་བཞིན་གྱི་སྣེ་འདྲེན་ཁེ་ལས་དང་སྤྱི་ཚོགས་བྱ་གཞག་གི་རྣམ་གྲངས་གཉེར་མཁན་ཁེ་ལས་ཀྱིས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་དངུལ་བུན་བསྐྱི་བར་ལོ་རེའི་སྐྱེད་ཚད་1.08%ཀྱི་བོད་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཚད་སྲིད་ཇུས་ལོངས་སུ་སྤྱོད་རྒྱུའི་རེ་ཞུ་བྱེད་ཆོག་པ། ཁེ་ལས་ཁྲོམ་རར་འདོན་པར“འཕྲལ་དུ་སྙན་སེང་ཞུས་པར་འཕྲལ་དུ་ཞིབ་བཤེར་བྱེད་པ་དང་འཕྲལ་དུ་ཞིབ་བཤེར་བྱེད་པར་འཕྲད་དུ་བཀྲམ་པའི”མྱུར་བགྲོད་བགྲོད་ལམ་བཟོས་ཡོད་པ། ཁེ་ལས་ཁྲོམ་རར་བཏོན་ཏེ་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི“བུ་རྫི་རྣམ་པའི”ཞབས་ཞུ་ལག་བསྟར་བྱས་ནས་ཁྲོམ་རའི་བྱེད་པོ་ཚང་མ་ཐོ་འགོད་སོགས་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་མི་བསྡུ་བ་དང་། “འགྲོ་གྲོན་གང་ཡང་མེད་པའི་ཐོ་འགོད”ལག་བསྟར་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག