ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྔ་བའི་བོད་སྐད་འཕྲིན་ལམ་མི་འགྱངས་པར་ཤར་གཏོང་བྱ་རྒྱུ་རེད།

2019-09-05 དོན་ཚེ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནི༡༩༩༢ལོར་གསར་འཛུགས་གནང་བ་ཡིན་ལ། ༢༠༠༥ལོར་བོད་སྐད་བརྙན་འཕྲིན་གསར་འགྱུར་གཏོང་མགོ་བརྩམས། ༢༠༠༧ལོར་ཉིན་རེར་བོད་སྐད་གསར་འགྱུར་ལེ་ཚན་རེ་གཏོང་བའི་མགོ་བརྩམས་པ་སོགས་དུས་རིམ་རེ་རེའི་གྲུབ་འབྲས་རྨང་གཞི་བྱས་ཐོག ད་ལྟ་རྔ་བའི་བོད་སྐད་འཕྲིན་ལམ་ཞེས་སྣ་འཛོམས་རང་བཞིན་ལྡན་པའི་འཕྲིན་ལམ་ཞིག་ཀུན་གྱི་སྤྱན་སྔར་ཐོན་པ་ཡིན།
              བོད་ཁུལ་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དེང་རབས་ཀྱི་འཕྲིན་སྦྱོར་གསར་བའི་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱས་ཏེ་མི་རིགས་ཀྱི་ཁྱད་མཚར་རིག་གནས་སྔོག་འདོན་དང་དར་སྤེལ། བོད་སྐད་བོད་ཡིག་གི་འཕྲིན་སྦྱོར་བྱ་བ་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་བར་དམིགས་ནས་ངེད་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྔར་ཡོད་ཀྱི་རིག་རྩལ་འཕྲིན་ལམ་དེ་རྔ་བའི་བོད་སྐད་འཕྲིན་ལམ་དུ་བསྒྱུར་ཏེ་བོད་སྐད་བོད་ཡིག་གི་ལམ་ནས་སྒྲོག་གཏོང་བྱེད་རྒྱུ་ཡིན།
              སྤྱིར་བོད་ཀྱི་ས་ཆ་སོ་སོར་བོད་སྐད་བོད་ཡིག་གི་ལམ་ནས་རང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས། ཚན་རྩལ་སོགས་དར་སྤེལ་གཏོང་བའི་འཕྲིན་སྦྱོར་གང་མང་མང་ཡོད་པ་དང་། ནུས་པ་ཡང་གང་ལེགས་ཐོན་བཞིན་ཡོད་པ་རེད། དེ་བཞིན་བོད་རིགས་ཁྲི51.7ལྷག་ཡོད་པའི་རྔ་བ་ཁུལ་ལ་མཚོན་ན། མི་རིགས་འཆམ་མཐུན་དང་སྤྱི་ཚོགས་ཡར་ཐོན། རིག་གནས་དར་སྤེལ་གཏོང་བར་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ནས་སྲི་ཞུ་སྒྲུབ་རྒྱུ་ནི་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཏང་གི་སྲིད་ཇུས་གསར་བ་དྲིལ་སྒྲོག་བྱེད་པའི་ཡོ་བྱད་འགངས་ཆེན་ཞིག་ཏུ་གྱུར་ཡོད་སྟབས། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ལ་ཡར་ཞུ་ཕུལ་བར་ཆོག་མཁན་བཀོད་པ་བཞིན་རྔ་བའི་བོད་སྐད་འཕྲིན་ལམ་དངོས་སུ་ཤར་གཏོང་ཐུབ་པ་བྱུང་།
              མིག་སྔར་རྔ་བའི་བོད་སྐད་འཕྲིན་ལམ་ལ་ཁྱད་ཆོས་འབུར་དུ་ཐོན་པའི་ལེ་ཚན་འགའ་ཡང་ཁ་སྣོན་བྱས་ཡོད། གསར་འགྱུར་ཀུན་མཐོང་དང་དག་ཞིང་གི་རྔ་བ། ཁྲིམས་ལུགས་ཤེས་བྱ། དབྱངས་ཀྱི་འགྱུར་ཁུགས་སོགས་ལ་ཏང་སྲིད་དང་སྤྱི་ཚོགས་ཀྱི་གསར་འགྱུར་སྣ་ཚོགས། རིག་གནས་དང་ལོ་རྒྱུས། ཁྲིམས་ལུགས། གླུ་གར་རོལ་རྩེད་སོགས་ཀྱི་ནང་དོན་སྣ་མང་འདུས་ཡོད་པས་རྒྱ་ཆེའི་གཟིགས་མོ་བ་ཀུན་གྱི་མིག་གི་དགའ་སྟོན་དུ་འགྱུར་ངེས་ཡིན། ད་དུང་སྔ་དྲོ་དང་ཉིན་གུང་། ཕྱི་དྲོ་སོགས་སུ་ཨམ་སྐད་དུ་ཕབ་སྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་གློག་བརྙན་སོགས་གཏོང་རྒྱུ་ཡིན།
              འདི་ལྟ་བུའི་བླ་ན་མེད་པའི་གྲུབ་འབྲས་ཐོབ་པ་ཡང་གོང་རིམ་ཏང་སྲིད་སྡེ་ཁག་གི་རྒྱབ་སྐྱོར་དང་སྔོན་གྱི་ལས་བྱེད་རྒན་པ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
              རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཀྲུང་གོ་གསར་དབུ་བརྙེས་ནས་ལོ་འཁོར༧༠ལོན་པར་རྟེན་འབྲེལ་ཞུ་བ་དང་རྔ་བའི་བོད་སྐད་འཕྲིན་ལམ་དངོས་སུ་ཤར་གཏོང་བྱེད་པའི་མཛད་སྒོ་ཟླ9ཚེས6ཉིན་མཛོད་དགེ་རྫོང་ནས་སྤེལ་རྒྱུ་རེད།
 
འབྲེལ་ཡོད་རྩོམ་ཡིག