ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རིག་གནས་ཀྱི་དཔྱིད་རླུང་གཞི་རིམ་དུ་ལྡང་།

2019-11-06 པདྨ་ཚེ་རིང་གིས་བསྒྱུར།
——བོད་ལྗོངས་ཀྱིས་གྲོང་ཚོའི་(སྡོད་དམངས)རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱོན་ཡོངས་ལ་ཁྱབ་པའི་འཆར་གཞི་བཀོད་པ་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  བོད་ལྗོངས་ལ་“གླུ་གཞས་ཀྱི་ལྷ་ཡུལ་དང་ཞབས་བྲོའི་རྒྱ་མཚོ་”ཞེས་སྙན་པའི་གྲགས་པ་རྒྱས་པ་ལྟར། གླུ་གར་ནི་བོད་རིགས་མང་ཚོགས་ལ་ཆ་མཚོན་ན་གར་སྟེགས་ཐོག་གི་འཁྲབ་སྟོན་ཙམ་མ་ཟད།  འཚོ་བའི་ཁྲོད་ནའང་མེད་དུ་མི་རུང་བའི་ལོངས་སྤྱོད་དང་སྤྲོ་སྣང་ཞིག་ཡིན། བོད་ལྗོངས་ཀྱི་ས་གནས་སོ་སོ་རང་རང་གི་ཚབ་མཚོན་དུ་གྱུར་པའི་གླུ་གར་རེ་ཡོད་པ་དང་། དེ་ལས་རིགས་མང་པོ་ཞིག་ནི་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད།
             ཉེ་བའི་ལོ་ཤས་རིང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྫོང་ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ཤིང་། ཁུལ་དང་གྲོང་ཁྱེར་ (ས་གནས)།  རྫོང་(ཁུལ)བཅས་རིམ་པ་གསུམ་གྱི་རིག་གནས་དཔུང་ཁག་བསྡུ་སྒྲིལ་བྱས་ནས་གཞི་རིམ་དུ་བསྐྱོད་དེ་དམངས་ཕན་འཁྲབ་སྟོན་བྱས་པར་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།
པར་འདི་ནི་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་རིག་གནས་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་ཡིན།
             ཡིན་ནའང་བོད་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས་གྲོང་ཚོ་རེར་ལོ་ལྟར་རིག་རྩལ་འཁྲབ་སྟོན་ཐེངས་1ནས་2བར་ལས་མེད་སྟབས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད།  གྲོང་གསེབ་ཀྱི་རིག་གནས་མཁས་པ་དང་རིག་རྩལ་འཇོན་ཐང་ཅན་ཇི་ལྟར་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་བོད་ལྗོངས་ཀྱི་གླུ་གར་རིག་གནས་ཕུལ་བྱུང་ཅན་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། མང་ཚོགས་ཀྱིས་བདེ་ཐང་དང་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་བརྩི་མཐོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ནི་གཞི་རིམ་གྱི་རིག་གནས་ལས་དོན་སྐོར་གྱི་ལས་གཞི་གལ་ཆེན་ཞིག་ཡིན། 
             བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་རིག་གནས་འཚོ་བའི་གནད་དོན་ལ་དམིགས་ནས་ཞིབ་འཇུག་བྱས་ཏེ་《སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཡོད་ལ་དེར་སྲིད་འཛིན་གྲོང་ཚོ་རེར་རིག་རྩལ་འཁྲབ་སྟོན་རུ་ཁག་གཅིག་རེ་སྒྲིག་འཛུགས་བྱེད་པའི་དག་ཐེར་ཡོ་བསྲང་བྱེད་ཐབས་གཏན་འབེབས་བྱས་ཡོད། འདི་ལས་གྲོང་ཚོ་རིམ་པའི་རིག་གནས་དར་བར་ཤུགས་སྣོན་དང་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་གྱིས་མང་ཚོགས་ཀྱི་རིག་གནས་དགོ་མཁོ་ཟམ་མི་ཆད་པར་བསྐང་སྟེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏང་རྒྱུ་རེད།
             རྒྱུས་ལོན་བྱུང་བ་ལྟར་ན།   སྒྲིག་འཛུགས་ཀྱི་ཚད་གཞིའི་ཐད་བོད་རང་སྐྱོང་ལྗོངས་ཀྱིས་རྩ་འཛུགས་ཡོད་པ་དང་།  དཔུང་ཁག་ཡོད་པ།  ལམ་ལུགས་ཡོད་པ།  གྲོན་དངུལ་ཡོད་པ།  ཚད་གཞི་ཡོད་པ།  མིང་ཡོད་པ།   གནས་ཡུལ་ཡོད་པ།  འགན་ཁུར་ཡོད་པ་བཅས་“ཡོད་པ་བརྒྱད་”ཀྱི་ཚད་གཞི་བཏོན་ཅིང་། དེའི་ནང་མི་300ནས་500བར་གྱི་གྲོང་ཚོའི་(སྡོད་དམངས་)རིག་རྩལ་འཁྲབ་སྟོན་རུ་མི་16ལ་སླེབས་དགོས་པ་དང་། མི་500ནས་1000བར་གྱི་གྲོང་ཚོའི་(སྡོད་དམངས་)རིག་རྩལ་འཁྲབ་སྟོན་རུ་མི་18ལ་སླེབས་དགོས་པ།  མི་1000ཡན་གྱི་གྲོང་ཚོའི་(སྡོད་དམངས་)རིག་རྩལ་འཁྲབ་སྟོན་རུ་མི་20ལ་སླེབས་དགོས་པ་བཅས་རེད། 
             《སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་》ནང་2020ལོའི་ལོ་མཇུག་གོང་བོད་རང་སྐྱོང་ལྗོངས་སུ་60%ཡན་གྱི་གྲོང་ཚོར་(སྡོད་དམངས་)རིག་རྩལ་འཁྲབ་སྟོན་རུ་ཁག་གཟུག་རྒྱུ་རེད།  དེའི་ནང་མི་གྲངས་1000ཡན་ཟིན་པའི་གྲོང་ཚོ་(སྡོད་དམངས་)དང་མཐའ་མཚམས་གྲོང་ཚོ་(སྡོད་དམངས་)628ལ་འཁྲབ་སྟོན་རུ་ཁག་100%ཡིས་ཁེབས་ཡོད། 2021ལོའི་ཟླ་6པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོ་(སྡོད་དམངས་)ཡོངས་སུ་རིག་རྩལ་འཁྲབ་སྟོན་རུ་ཁག་གི་སྒྲིག་འཛུགས་ལས་འགན་ལེགས་འགྲུབ་ཡོང་བར་བྱས་ནས་གྲོང་ཚོའི་(སྡོད་དམངས་)རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱོན་ཡོངས་ལ་ཁྱབ་པར་མངོན་འགྱུར་བྱ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག